ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།
ལེ་ཚན་གཉིས་པ། དངོས་དབང་།
ནང་གསེས་ལེ་ཚན་དང་པོ། སྤྱི་མཐུན་དོན་ཚན།
ལེའུ་དང་པོ། སྤྱིར་བཏང་གི་གཏན་འབེབས།
དོན་ཚན་ཉིས་བརྒྱ་དང་ལྔ་པ། ལེ་ཚན་འདིར་དངོས་པོའི་གཏོགས་ཁོངས་དང་བེད་སྤྱོད་ལས་འབྱུང་བའི་དམངས་དོན་འབྲེལ་བ་སྙོམས་སྒྲིག་བྱ་རྒྱུ་ཡིན།
དོན་ཚན་ཉིས་བརྒྱ་དང་དྲུག་པ། རྒྱལ་ཁབ་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་བྱེད་ཅིང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་ཞིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་ཅིང་འཐུས་ཚང་དུ་གཏོང་བ་ཡིན།
རྒྱལ་ཁབ་ཀྱིས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་པ་ཡིན།
རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལག་ལེན་བསྟར་ནས། ཚོང་རའི་བྱེད་པོ་མཐའ་དག་གི་འདྲ་མཉམ་གྱི་བཅའ་ཁྲིམས་གོ་གནས་དང་འཕེལ་རྒྱས་ཁེ་དབང་ལ་འགན་སྲུང་བྱེད་པ་ཡིན།
དོན་ཚན་ཉིས་བརྒྱ་དང་བདུན་པ། རྒྱལ་ཁབ་དང་ཐུན་མོང་། མི་སྒེར་བཅས་ཀྱི་དངོས་དབང་དང་ཁེ་དབང་བདག་པོ་གཞན་དག་གི་དངོས་དབང་ལ་བཅའ་ཁྲིམས་ཀྱིས་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ་ཡིན། རྩྭ་འཛུགས་དང་མི་སྒེར་གང་ཡང་རུང་བས་དེར་བཙན་གནོད་བྱས་མི་ཆོག
དོན་ཚན་ཉིས་བརྒྱ་དང་བརྒྱད་པ། བརྟན་ནོར་གྱི་དངོས་དབང་འཛུགས་པ་དང་བསྒྱུར་བ། བཤུག་པ། མེད་པར་བཟོ་བ་བཅས་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཐོ་འགོད་བྱེད་དགོས། འགུལ་ནོར་གྱི་དངོས་དབང་འཛུགས་པ་དང་བཤུག་པར་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་རྩིས་སྤྲོད་བྱེད་དགོས།
ལེའུ་གཉིས་པ། དངོས་དབང་འཛུགས་པ་དང་བསྒྱུར་བ། བཤུག་པ། མེད་པར་བཟོ་བ།
ས་བཅད་དང་པོ། བརྟན་ནོར་ཐོ་འགོད།
དོན་ཚན་ཉིས་བརྒྱ་དང་དགུ་པ། བརྟན་ནོར་གྱི་དངོས་དབང་འཛུགས་པ་དང་བསྒྱུར་བ། བཤུག་པ། མེད་པར་བཟོ་བ་བཅས་ནི་ཁྲིམས་ལྟར་ཐོ་འགོད་བྱས་རྗེས་ནུས་པ་ཐོན་པ་དང་། ཐོ་འགོད་མ་བྱས་ན་ནུས་པ་མི་ཐོན་པ་ཡིན། ཡིན་ན་ཡང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་འདིའི་ཁོངས་སུ་མི་ཚུད།
ཁྲིམས་ལྟར་ན་རྒྱལ་ཁབ་ལ་དབང་བའི་རང་བྱུང་ཐོན་ཁུངས་ཡིན་ན། དེའི་བདག་དབང་ཐོ་འགོད་མ་བྱས་ན་ཆོག
དོན་ཚན་ཉིས་བརྒྱ་དང་བཅུ་པ། བརྟན་ནོར་ཐོ་འགོད་བྱེད་པ་དེ་བརྟན་ནོར་གནས་སའི་ཐོ་འགོད་ལས་ཁུངས་ཀྱིས་བསྒྲུབ་དགོས།
རྒྱལ་ཁབ་ཀྱིས་བརྟན་ནོར་ལ་གཅིག་གྱུར་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པ་ཡིན། གཅིག་གྱུར་གྱིས་ཐོ་འགོད་བྱེད་ཁོངས་དང་། ཐོ་འགོད་ལས་ཁུངས། ཐོ་འགོད་བྱེད་ཐབས་བཅས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱེད་དགོས།
(མུ་འགོད།)
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注