ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།
དོན་ཚན་རྒྱ་དང་དོན་གཉིས་པ། བྱ་སྤྱོད་སྤེལ་མཁན་ལ་ལས་ཚབ་བྱེད་དབང་མེད་པ་དང་ལས་ཚབ་བྱེད་དབང་ལས་བརྒལ་བའམ་ལས་ཚབ་བྱེད་དབང་མཇུག་བསྒྲིལ་རྗེས་སྔར་བཞིན་ལས་ཚབ་བྱ་སྤྱོད་སྤེལ་བའི་ཚེ། བལྟོས་བཅས་མིས་བྱ་སྤྱོད་སྤེལ་མཁན་ལ་ལས་ཚབ་བྱེད་དབང་ཡོད་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད་ན། ལས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན། །
ས་བཅད་གསུམ་པ། ལས་ཚབ་མཇུག་སྒྲིལ་བ།
དོན་ཚན་བརྒྱ་དང་དོན་གསུམ་པ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། མངག་བཅོལ་ལས་ཚབ་མཇུག་བསྒྲིལ་བ་ཡིན།
(གཅིག)ལས་ཚབ་དུས་བཀག་ལོངས་པའམ་ལས་ཚབ་དོན་ཚན་བསྒྲུབས་ཟིན་པ།
(གཉིས)ལས་ཚབ་བྱ་ཡུལ་གྱིས་མངག་བཅོལ་ཕྱིར་འཐེན་བྱས་པའམ་ལས་ཚབ་པས་མངག་བཅོལ་དགོངས་ཞུ་བྱས་པ།
(གསུམ)ལས་ཚབ་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ།
(བཞི)ལས་ཚབ་པའམ་ལས་ཚབ་བྱ་ཡུལ་ཤི་བ།
(ལྔ)ལས་ཚབ་པའམ་ལས་ཚབ་བྱ་ཡུལ་ཡིན་པའི་ཁྲིམས་མི་མིན་པའི་རྩ་འཛུགས་མཇུག་བསྒྲིལ་བ།
དོན་ཚན་བརྒྱ་དང་དོན་བཞི་པ། ལས་ཚབ་བྱ་ཡུལ་ཤི་རྗེས་གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། མངག་བཅོལ་ལས་ཚབ་པས་སྤེལ་བའི་ལས་ཚབ་བྱ་སྤྱོད་ལ་ནུས་པ་ལྡན་པ་ཡིན།
(གཅིག)ལས་ཚབ་པས་ལས་ཚབ་བྱ་ཡུལ་ཤི་བ་ཤེས་མེད་ལ་ཤེས་ཀྱང་མི་སྲིད་པ།
(གཉིས)ལས་ཚབ་བྱ་ཡུལ་གྱི་ཤུལ་འཛིན་པས་ཁས་བླངས་པ།
(གསུམ)དབང་བསྐུར་ཡི་གེའི་ནང་དུ་ལས་ཚབ་དོན་ཚན་བསྒྲུབས་ཟིན་རྗེས་ལས་ཚབ་བྱེད་དབང་མཇུག་བསྒྲིལ་བ་ཡིན་པ་གསལ་པོར་བཀོད་ཡོད་པ།
(བཞི)ལས་ཚབ་བྱ་ཡུལ་མ་ཤི་གོང་ལས་ཚབ་བྱ་སྤྱོད་སྤེལ་ཟིན་པ་དང་། ལས་ཚབ་བྱ་ཡུལ་གྱི་ཤུལ་འཛིན་པའི་ཁེ་ཕན་གྱི་ཆེད་དུ་མུ་མཐུད་དུ་ལས་ཚབ་བྱེད་པ།
ལས་ཚབ་བྱ་ཡུལ་ཡིན་པའི་ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་མཇུག་བསྒྲིལ་བ་ཡིན་ན་དོན་ཚན་གོང་མའི་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།
དོན་ཚན་བརྒྱ་དང་དོན་ལྔ་པ། གཤམ་གསལ་གནས་ཚུལ་གྲས་ཤིག་ཡོད་ན། ཁྲིམས་བཀོད་ལས་ཚབ་མཇུག་བསྒྲིལ་བ་ཡིན།
(གཅིག)ལས་ཚབ་བྱ་ཡུལ་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཐོབ་པའམ་སླར་གསོ་བྱུང་བ།
(གཉིས)ལས་ཚབ་པར་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བ།
(གསུམ)ལས་ཚབ་པའམ་ལས་ཚབ་བྱ་ཡུལ་ཤི་བ།
(བཞི)ཁྲིམས་བཀོད་གནས་ཚུལ་གཞན་དག
(མུ་འགོད།)
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注