རང་ལ་སོ་རྒྱག་མཁན་ཁྱི་དེར་རྡོག་རྒྱག་གཞུས་པས། ཁྱིའི་བདག་པོས་་་་་
གློག་སྐས་ནང་གཅེས་ཉར་ཁྱིས་མི་ལ་སོ་བརྒྱབ་པ་དང་མིས་ཁྱི་དེར་རྡོག་རྒྱག་གཞུས། དེ་རྗེས་ཁྱིའི་བདག་པོས་རྡོག་རྒྱག་གཞུ་མཁན་དེས་དགོངས་དག་ཐུགས་བདེན་ཞུ་དགོས་པའི་རེ་བ་བཏོན་པ་མ་ཟད། སྨན་བཅོས་འགྲོ་གྲོན་དང་། བསམ་བློའི་གྱོང་འཇལ། གཅེས་ཉར་ཁྱིའི་སྨན་རིན་བཅས་ཁྱོན་བསྡོམས་སྒོར་ཁྲི་6ལྷག་ཙམ་འཇལ་དགོས་པའི་རེ་བ་བཏོན་ཡོད། ཁྱིའི་བདག་པོའི་འདོད་ཚུལ་དེ་ལུགས་མཐུན་ཡིན་ནམ།
ཉེ་ཆར་པེ་ཅིང་གྲོང་ཁྱེར་ཧྥང་ཧྲན་ཆུས་མི་དམངས་ཁྲིམས་ཁང་གིས་གཅེས་ཉར་ཁྱིས་མི་ལ་སོ་བརྒྱབ་པ་དང་མི་དེས་ཁྱི་ལ་རྡོག་རྒྱག་གཞུས་ནས་རྨས་སྐྱོན་ཕོག་པའི་གྱོད་གཞི་ཞིག་ཞིབ་གཅོད་བྱས་མཇུག་སྒྲིལ་བས། ཁྲིམས་ཁང་ནས་ཁྱིའི་བདག་པོའི་སྐྱིན་ཚབ་འཇལ་རྒྱུའི་རེ་ཞུར་རྒྱབ་སྐྱོར་བྱས་མེད།
གྱོད་གཞིའི་བརྒྱུད་རིམ།
2023ལོའི་ཟླ1པོའི་ཉིན་ཞིག་གི་ཞོགས་པའི་ཆུ་ཚོད8ཡས་མས་སུ་ཧྥང་ཧྲན་ཆུས་ཀྱི་གྲོང་མིའི་སྡེ་ཁུལ་ཞིག་ཏུ་ཐོག་བརྩེགས10པར་སྡོད་མཁན་ཨ་ཅག་ཝང་ལགས་ཀྱིས་སྐེ་ཐག་སྒར་བའི་གཅེས་ཉར་ཁྱི་གཉིས་ཁྲིད་ནས་གློག་སྐས་ནང་འཛུལ།
གློག་སྐས་ཐོག་བརྩེགས་དྲུག་པར་སླེབས་དུས། ཏག་ཏག་ཞའོ་ལིའུ་གློག་སྐས་སྒུག་བསྡད་པ་དང་སྐབས་འཁེལ། གློག་སྐས་ཀྱི་སྒོ་ཕྱེ་རྗེས། ཨ་ཅག་ཝང་ལགས་ཀྱིས་ཞའོ་ལིའུ་ལ་གློག་སྐས་རྗེས་མ་དེ་སྒུག་རོགས་གནང་ཞེས་ཞུས། འོན་ཀྱང་ལས་ཀར་བསྐྱོད་རྒྱུའི་བྲེལ་བ་ཆེ་བས་སྔར་བཞིན་གློག་སྐས་དེའི་ནང་འཛུལ།
གློག་སྐས་ནང་འཛུལ་མ་ཐག ཁྱིས་ཞའོ་ལིའུ་ཡི་བྱིན་པར་སོ་བརྒྱབ་པས། དེ་འཕྲལ་ཁྱི་དེར་རྡོག་རྒྱག་གཞུས།
གནས་ཚུལ་ཐོན་རྗེས། ཞའོ་ལིའུ་ཡིས་དེ་འཕྲལ་སྨན་ཁང་དུ་བསྐྱོད་པ་མ་ཟད། ཁྲིམས་ཁང་གིས་གཏུག་བཤེར་བྱས་པ་བརྒྱུད་ཁྱིའི་བདག་པོའི་ས་ནས་གུན་གསབ་སྒོར་805རག་ཡོད།
ཞའོ་ལིའུ་ལ་གུན་གསབ་འཇལ་ཚར་རྗེས། ཨ་ཅག་ཝང་ལགས་ཀྱིས་ཞའོ་ལིའུ་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་པ་མ་ཟད། ཞའོ་ལིའུ་ཡིས་གློག་སྐས་ནང་གཅེས་ཉར་ཁྱི་ལ་རྡོག་རྒྱག་ཞུས་ནས་རྨས་སྐྱོན་བཏང་བ་དེའི་རྐྱེན་ལས་རང་ཉིད་ཀྱི་ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་ཕོག་སྟེ་ཟླ་བ་གཅིག་ལྷག་སྨན་ཁང་ནང་སྡོད་དགོས་བྱུང་། ཞའོ་ལིའུ་ནས་དགོངས་དག་ཐུགས་བདེན་ཞུ་དགོས་པ་དང་། སྨན་རིན་དང་བསམ་པའི་གྱོང་གསབ་དངུལ། དེ་བཞིན་གཅེས་ཉར་ཁྱིའི་སྨན་རིན་བཅས་ཁྱོན་བསྡོམས་སྒོར་ཁྲི་6ལྷག་འཇལ་དགོས་པའི་རེ་བ་བཏོན།
དེའི་ཐད་ཞའོ་ལིའུ་ཡིས་ཁས་ལེན་བྱས་མེད་པ་མ་ཟད། དོན་རྐྱེན་དེ་ཐོན་པའི་རྒྱུ་རྐྱེན་ནི་སྔོན་ལ་ཁྱིས་རང་ཉིད་ལ་སོ་བརྒྱབ་པས། ང་རང་གནོད་འཚེ་ཕོག་མཁན་ཡིན། སྐྱིན་ཚབ་འཇལ་བའི་རྒྱུ་མཚན་གང་ཡང་མེད་པའི་ངོས་འཛིན་བྱས་ཡོད།
ཁྱིས་སོ་བརྒྱབ་རྗེས་དེར་རྡོག་རྒྱག་གཞུས་ན། དབང་ཆར་བཙན་གནོད་བྱས་པར་བརྩི་ཆོག་གམ།
ཁྲིམས་ཁང་གིས་ཞིབ་གཅོད་བྱས་པ་བརྒྱུད། གྱོད་གཞིའི་འདིའི་རྩོད་གླེང་གཙོ་བོ་ནི་ཨ་ཅག་ཝང་ལགས་དང་ཞའོ་ལིའུ་གཉིས་ལས་ཡང་སྙིང་ཁེ་དབང་ལ་གནོད་འཚེ་གཏོང་མཁན་དེ་སུ་ཡིན་མིན་དེ་རེད།
དང་ཐོག་ཨ་ཅག་ཝང་ལགས་ཀྱིས་ལས་ཀར་འགྲོ་མཁན་མང་ཤོས་ཀྱི་དུས་སུ་ཁྱི་འཁྲིད་ནས་སྡེ་ཁུལ་གྱི་གློག་སྐས་ནང་འཛུལ་སྐབས། ཁྱི་ལ་ཁ་འགེབས་ཡོ་ཆས་སྤྱད་མེད་པའམ་ཁྱི་བླུགས་སྣོད་ནང་བླུགས་མེད་པས། 《པེ་ཅིང་གྲོང་ཁྱེར་གྱི་ཁྱི་གསོ་བའི་དོ་དམ་གཏན་འབེབས》དང་འགལ་ཞིང་། དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད།
ཨ་ཅག་ཝང་ལགས་ཀྱིས་ཁྱི་ལ་ངན་སྐུལ་བྱས་ནས་ཞའོ་ལིའུ་ལ་སོ་བརྒྱབ་ཏུ་བཅུག་པ་ཞིག་མ་རེད། འོན་ཀྱང་དེས་གྲོང་ཁྱེར་འདིའི་ཁྱི་གསོ་བའི་དོ་དམ་གཏན་འབེབས་དང་འགལ་བ་དང་། དོན་དངོས་ཐོག་གནོད་འཚེ་བཏང་བའི་མཇུག་འབྲས་བཟོས་ཡོད་པས། ཨ་ཅག་ཝང་ལགས་ཀྱིས་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁུར་དགོས།
དེ་མིན། ཞའོ་ལིའུ་ཡིས་ཁྱི་ལ་རྡོག་རྒྱག་གཞུས་ཏེ་རྨས་སྐྱོན་བཏང་བའི་བྱ་སྤྱོད་དེ་ཁེ་དབང་ལ་གནོད་འཚེ་བཏང་བའི་ཁོངས་སུ་གཏོགས་སམ། ཨ་ཅག་ཝང་ལགས་ཀྱི་བྱ་སྤྱོད་ནི་མ་གཞི་ནས་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་ཞིང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཁྱིས་མི་གཞན་ལ་སོ་བརྒྱབ་ནས་ཁྲིམས་འགལ་གྱི་གནོད་འཚེ་བཏང་བ་ཡིན་པས། གནོད་འཚེ་ཕོག་མཁན་ལ་ཁྲིམས་འགལ་གྱི་གནོད་འཚེ་བཏང་བར་དམིགས་ནས་དགོས་ངེས་ཀྱི་བྱ་ཐབས་སྤྱོད་པའི་དབང་ཆ་ཡོད།
ཞའོ་ལིའུ་ཡིས་རང་ལ་སོ་རྒྱག་པར་ཡོང་བའི་ཁྱི་ལ་རྡོག་རྒྱག་གཞུས་པ་ནི་གནོད་འཚེ་གཏོང་བའི་བྱ་སྤྱོད་བཀག་འགོག་དང་རང་ཉིད་ཀྱི་བདེ་འཇགས་ལ་གནོད་འཚེ་མི་ཕོག་པའི་ཆེད་དུ་ཡིན། བྱ་སྤྱོད་དེ་ནི་ལུགས་མཐུན་ཡིན་པ་མ་ཟད། ཡུལ་དངོས་ཀྱི་བརྙན་མིག་ལ་བལྟས་ན། ཞའོ་ལིའུ་ཡིས་ཁྱི་ལ་རྡོག་རྒྱག་གཞུས་པ་ཙམ་ལས་རྡོག་རྒྱག་ཤུགས་ཆེན་པོས་གཞུས་པའི་བྱ་སྤྱོད་མངོན་གསལ་དོད་པོ་མེད།
དེར་བརྟེན། ཁྲིམས་ཁང་གིས་ཞའོ་ལིའུ་ཡི་བྱ་སྤྱོད་དེ་དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་མེད་པས། ཁེ་དབང་ལ་གནོད་འཚེ་བཏང་བའི་ཁོངས་སུ་གཏོགས་ཀྱི་མེད། ཨ་ཅག་ཝང་ལགས་ཀྱིས་ཞའོ་ལིའུ་ནས་དགོངས་དག་ཐུགས་བདེན་ཞུ་དགོས་པ་མ་ཟད་གྱོང་གུན་སྐྱིན་ཚབ་འཇལ་དགོས་པའི་རེ་ཞུ་དེར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པས། ཁྲིམས་ཁང་གིས་རྒྱབ་སྐྱོར་བྱས་མེད།
མཇུག་ཏུ་ཁྲིམས་ཁང་གིས་ཨ་ཅག་ཝང་ལགས་ཀྱི་ཞུ་གཏུག་གི་རེ་འདུན་ཚང་མ་ཕྱིར་སློག་རྒྱུའི་ཁྲིམས་ཐག་བཅད་ཡོད།
ཁྲིམས་དཔོན་གྱིས་ཞུ་དོན།
དམངས་དོན་ཁྲིམས་གཞུང་ནང་། བྱ་སྤྱོད་སྤེལ་མཁན་གྱིས་ནོར་འཛོལ་དབང་གིས་མི་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་བཏང་ནས་གནོད་འཚེ་བཟོས་ཡོད་ཚེ། ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁུར་དགོས། གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་རྐང་བཙུགས་པ་མིན་པའམ་ཡང་ན་ནོར་འཛོལ་ཤོར་ཡོད་ཚེ། ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁུར་དགོས་ཀྱི་མེད།
གྱོད་གཞིའི་འདིའི་ནང་། ཞའོ་ལིའུ་ལ་ཁྱིས་སོ་རྒྱག་པར་ཡོང་བའི་གནས་ཚུལ་འོག གཅེས་ཉར་ཁྱི་ལ་རྡོག་རྒྱག་གཞུས་པ་ནི་གནོད་འཚེ་གཏོང་བའི་བྱ་སྤྱོད་བཀག་འགོག་བྱེད་པ་ཞིག་ཡིན་པས། དེའི་བྱ་སྤྱོད་ལུགས་མཐུན་ཡིན་པ་མ་ཟད། དགོས་ངེས་ཀྱི་ཚད་ལས་བརྒལ་མེད་པས། འགན་འཁུར་དགོས་ཀྱི་མེད།
ང་ཚོས་ངེས་པར་གསལ་རྟོགས་ཐུབ་དགོས་པ་ཞིག་ནི། རྨས་སྐྱོན་ཕོག་ཚད་ལ་ངེས་པར་དུ་གུན་གསབ་འཇལ་དགོས་པ་མཚོན་གྱི་མེད།
གཅེས་ཉར་ཁྱིས་གཞན་ལ་སོ་བརྒྱབ་ཀྱང་སྐྱིན་ཚབ་མི་འཇལ་བར། དེ་ལས་ལྡོག་སྟེ་ཕ་རོལ་པོར་གུན་གསབ་འཇལ་དུ་འཇུག་རིགས་དང་། དེའི་རྐྱེན་གྱིས་འགལ་ཟླ་ཆེ་རུ་ཕྱིན་པ་དང་། ཁྱིམ་མཚེས་ཀྱི་འཆམ་མཐུན་འབྲེལ་བ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དེ་རིགས་ནི་དར་སྤེལ་གཏོང་རིན་མེད་ལ་དེ་བས་ཀྱང་གཏོང་མི་འོས་པ་ཞིག་རེད།
སྤྱི་དམངས་ལ་ཁྱི་གསོ་བའི་རང་དབང་ཡོད། གཅེས་ཉར་སྲོག་ཆགས་ཀྱིས་སྟེར་བའི་སྤྲོ་སྣང་ལོངས་སྤྱོད་བྱེད་པ་དང་དུས་མཚུངས་ཁྲིམས་ལྟར་ཤེས་དཔལ་ངང་ཁྱི་གསོ་བ་དང་། རང་གིས་གསོས་པའི་སྲོག་ཆགས་ལ་དོ་དམ་དང་ལྟ་རྟོག་བྱེད་པའི་འོས་འགན་སྒྲུབ་ནས། གཞན་ལ་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས་ལ། རང་ཉིད་རྩོད་གཞིའི་ནང་མི་ལྷུང་བ་བྱེད་དགོས།
གལ་ཏེ་རང་གིས་གསོས་པའི་སྲོག་ཆགས་ཀྱིས་མི་གཞན་ལ་སོ་བརྒྱབ་ཕྱིན། ཁྱིའི་བདག་པོ་དང་ཕ་རོལ་པོས་ཐག་གཅོད་འོས་འཚམ་བྱེད་པ་དང་། འགལ་ཟླ་ཇེ་ཆེར་མི་འགྲོ་བ་བྱེད་པ། མཉམ་དུ་ཤེས་དཔལ་ཞི་མཐུན་གྱི་ཁྱིམ་མཚེས་འབྲེལ་བ་འཛུགས་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注