རྡུང་རེས་བྱས་ནས་བདེ་འཇགས་དོ་དམ་དང་འགལ་ན་ཇི་ལྟར་བྱ།
བློ་མཐུན་རྩོམ་སྒྲིག་པ་ལགས།
ངེད་ཚང་དང་སྐྱབས་ལོ་ཚང་གཉིས་ཀ་ནི་གནའ་ནས་ད་བར་དུ་ཁྱིམ་མཚེས་ཡིན་ཞིང་།ཁྱིམ་ཚང་གཉིས་ཀའི་འབྲེལ་བར་སྡེ་ཆེན་མཚོ་འདྲ་བའི་ནང་དུ་བསྟོད་པའི་མཐེ་བོང་མི་བསྒྲེང་མཁན་གཅིག་ཀྱང་མེད།ངེད་ཚང་གིས་བུ་ལ་ཆུང་མ་བསུ་བར་ཐོག་ཁང་ཞིག་ལས་གྲབས་བྱས་ཤིང་།དེའི་སྐབས་སུ་སྐྱབས་ལོ་ཚང་ལ་གྲོས་ཅི་ཡང་མ་བྱས་པར་ཁང་པའི་རྒྱུ་ཆ་དག་ངེད་ཁྱིམ་ཚང་གཉིས་ཀའི་བར་གྱི་སྲང་ལམ་དུ་སྤུངས་པས།སྐྱབས་ལོ་ཚང་གི་འགྲོ་འོང་ལ་བར་ཆད་མི་ཉུང་ཞིག་བཟོས།དེར་བརྟེན།སྐྱབས་ལོ་དང་ངེད་གཉིས་ཀས་དོན་དག་དེར་གྲོས་བྱས་ཀྱང་།མཇུག་མཐར་གྲོས་མ་ཡོང་བར་ཁ་རྩོད་བྱུང་སྟེ་རྡུང་རེས་བྱས་པ་དང་།ཕྱིས་སུ་སྐྱབས་ལོས་ངའི་གདོང་ལ་ཁུ་ཚུར་གྱིས་བརྒྱབ་ནས་མིག་ནང་དུ་ཁྲག་ཐིག་ལྷུང་སྟེ་སྨན་ཁང་དུ་བསྐྱལ།སྐབས་དེར་ངས110ལ་ཁ་པར་བཏང་ནས་ངེད་གཉིས་བར་དུ་རྩོད་གླེང་བྱུང་བའི་བརྒྱུད་རིམ་གསལ་པོར་བཤད་པར་མ་ཟད།སྐྱབས་ལོར་ཆད་གཅོད་བྱ་དགོས་པའི་རེ་བའང་བཏོན།ཉེན་རྟོག་པས་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས་རྗེས།ངེད་གཉིས་བར་གྱི་དོན་དག་འདུམ་སྒྲིག་བྱས།འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཉེན་རྟོག་པས་རྡུང་རེས་བྱས་ནས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་འདུམ་སྒྲིག་བྱས་ཆོག་གམ།
ཞེས་སྟག་བྷ་ཡིས།
བློ་མཐུན་སྟག་བྷ་ལགས།
གྱོད་དོན་འདི་ནི་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་གྱོད་གཞིའི་འདུམ་སྒྲིག་ཁྱབ་ཁོངས་དང་གནས་ཚུལ་ཅུང་ཡང་བའི་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱི་གྱོད་གཞིའི་ཐག་གཅོད་གནད་དོན་དང་འབྲེལ་ཡོད།རང་རྒྱལ་གྱི《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན9པའི་གཏན་འཁེལ་ལྟར་ན།“སྤྱི་བདེ་ལས་ཁུངས་ཀྱིས་འདུམ་སྒྲིག་བྱས་ཆོག་པའི་གྱོད་གཞིའི་ཁྱབ་ཁོངས་ནི། དམངས་ཁྲོད་ཀྱི་རྩོད་གཞིའི་དབང་གིས་འཛིང་རེས་བྱས་པའམ་གཞན་གྱི་རྒྱུ་ནོར་ལ་གཏོར་བརླག་གཏོང་བ་སོགས་བདེ་འཇགས་དོ་དམ་དང་འགལ་བའི་གནས་ཚུལ་ཅུང་ཡང་བའི་བྱ་སྤྱོད་ཡིན་དགོས། གནས་ཚུལ་ཅུང་ཡང་ཞིང་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་བའི་གྱོད་དོན་དེ་དག་ཐག་གཅོད་བྱེད་སྟངས་ནི་སྤྱི་བདེ་ལས་ཁུངས་ཀྱིས་འདུམ་སྒྲིག་བྱས་པ་བརྒྱུད་དོ་བདག་པ་ཕན་ཚུན་བར་གྲོས་མཐུན་བྱུང་ན་ཉེས་ཆད་མི་གཅོད་རྒྱུ། འདུམ་སྒྲིག་བྱས་ཀྱང་གྲོས་མཐུན་མ་བྱུང་བའམ་གྲོས་མཐུན་བྱུང་ཡང་ལག་བསྟར་མ་བྱས་ན། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་སྤེལ་མཁན་ལ་ཆད་པ་གཅད་རྒྱུ་དང་།དོ་བདག་པར་དམངས་དོན་རྩོད་གཞིའི་སྐོར་གྱི་བཅའ་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་དམངས་དོན་ཞུ་གཏུག་བྱས་ཆོག་པའི་གསལ་བཤད་ཀྱང་བྱ་དགོས”ཞེས་བཀོད་ཡོད།
གོང་གི་གྱོད་དོན་འདིའི་ཁྲོད་དུ།སྐྱབས་ལོ་དང་ཁྱོད་གཉིས་ཀ་ནི་གནའ་ནས་ད་བར་དུ་ཁྱིམ་མཚེས་ཡིན་ཞིང་།ཁྱོད་ཚང་གིས་ཁང་པ་ལས་པར་རྐྱེན་བྱས་ཏེ་ཁྱིམ་ཚང་གཉིས་ཀའི་ཐུན་མོང་དུ་སྤྱོད་པའི་སྲང་ལམ་ནང་དངོས་པོ་སྤངས་པས།སྐྱབས་ལོ་ཚང་གི་འགྲོ་འོང་ལ་བར་ཆད་མི་ཉུང་ཞིག་བཟོས་པར་བརྟེན།སྐྱབས་ལོས་ཁྱོད་ཀྱི་མི་ལུས་ལ་རྨས་སྐྱོན་ངེས་ཅན་ཞིག་བཟོས།ཡིན་ན་ཡང་དེའི་གནས་ཚུལ་ཅུང་ཡང་བས་སྤྱི་བདེ་ལས་ཁུངས་ཀྱིས་ཕན་ཚུན་གྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་པའི་གནས་ཚུལ་འོག་འདུམ་སྒྲིག་བྱས་ཆོག གལ་ཏེ་འདུམ་སྒྲིག་བྱེད་མ་ཐུབ་པའམ་འདུམ་སྒྲིག་བྱས་རྗེས་གྲོས་མཐུན་ཡི་གེ་ལྟར་ལག་བསྟར་མི་བྱེད་མཁན་ལ།སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱ་དགོས།
ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注