ཡིག་འབུལ་ཞུ་བཅར་སྲོལ་ཡིག
ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྩ་དོན།
གཅིག ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་དེ་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས།
གཉིས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་དང་། མང་ཚོགས་ཀྱི་འབོད་སྒྲ་ཉན་པ། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས།
གསུམ། ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁོངས་གཏོགས་ས་ཆར་དོ་དམ། རིམ་པ་དབྱེ་ནས་འགན་འཁུར་བ།སུས་གཙོ་སྐྱོང་བྱས་ན་དེས་འགན་འཁུར་བ་བཅས་བྱེད་དགོས།
བཞི། ཁྲིམས་དང་སྲིད་ཇུས་ལྟར་དོན་གནད་ཐག་གཅོད་རྒྱུ་མཐའ་འཁྱོངས་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་མཐུན་ངང་སྤེལ་ནས། ཁྲིམས་ལྟར་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་དང་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས།
ལྔ། འབྱུང་རྩ་ནས་འགལ་ཟླ་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས།ཐབས་མང་མཉམ་སྤྱོད་དང་། ཕྱོགས་བསྡུས་ཇུས་བསྟར། འབྱུང་རྩ་ནས་སྔོན་འགོག་དང་ཐོག་མ་ནས་འདུམ་འགྲིག་བཏང་བྱས་ནས། ཡིག་འབུལ་ཞུ་བཅར་གྱི་དོན་གནད་ཐོན་སྲིད་པའི་འགལ་བ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་རྩ་བ་ནས་མེད་པ་བཟོ་དགོས།
ཡིག་འབུལ་ཞུ་བཅར་ལས་དོན་གྱི་ངེས་གནས།
དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི"གལ་ཆེན་གསུམ" གྱི་ངེས་གནས་ནི།ཡིག་འབུལ་ཞུ་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་སེམས་གཅིག་ཏུ་སྒྲིལ་བའི་ལས་དོན་གལ་ཆེན་ཞིག་ཡིན་ལ།རིམ་ཁག་ལས་ཁུངས་དང་ཚན་པ། དེའི་འགོ་ཁྲིད་ལས་བྱེད་པ་དང་ལས་དོན་མི་སྣས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།
《ཡིག་འབུལ་ཞུ་བཅར་སྲོལ་ཡིག》གི་སྤྱོད་འཐུས་ཁྱབ་ཁོངས།
སྲོལ་ཡིག་འདི་རིམ་ཁག་ཏང་གི་ལས་ཁུངས་དང་། མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས། སྲིད་འཛིན་ལས་ཁུངས།སྲིད་གྲོས་ལས་ཁུངས།ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་དང་དེ་བཞིན་མང་ཚོགས་ཚོགས་པའི་རྩ་འཛུགས། རྒྱལ་གཉེར་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་སྤེལ་བར་སྤྱད་ན་འཐུས།
ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གི་སྒྲིག་འཛུགས་དོན་འཁྱོལ། ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱིས་མཐུན་སྦྱོར།ཡིག་འབུལ་ཞུ་བཅར་ཚན་པས་སྐུལ་འདེད། ཕྱོགས་ཡོངས་ནས་ཕྱར་བ་གྲུ་འདེགས་བྱེད་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྣམ་པ་གཏོད་དགོས།
ཡིག་འབུལ་ཞུ་བཅར་གྱི་དོན་གནད་ཐག་གཅོད་བྱེད་པའི་བརྒྱུད་རིམ།
སྤྱི་དམངས་དང་ཁྲིམས་ཚན་ནམ་རྩ་འཛུགས་གཞན་དག་གིས་ཆ་འཕྲིན་དྲ་བ་དང་། འཕྲིན་ཡིག ཁ་པར། བརྙན་སྐྱེལ། ཞུ་བཅར་སོགས་ཀྱི་བྱ་ཐབས་སྤྱད་ནས། རིམ་ཁག་ལས་ཁུངས་དང་ཚན་པར་གནས་ཚུལ་ཞུ་བ་དང་། གྲོས་འགོ་དང་བསམ་འཆར་འདོན་པའམ་ཡང་ན་ཞུ་གཏུག་རེ་བ་འདོན་སྐབས། འབྲེལ་ཡོད་ལས་ཁུངས་དང་ཚན་པས་སྒྲིག་སྲོལ་དང་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།
གོང་འཁོད་ཀྱི་ཐབས་ལམ་སྤྱད་དེ་གནས་ཚུལ་ཡར་ཞུ་བྱེད་མཁན་དང་། གྲོས་འགོ་འདོན་མཁན་དང་བསམ་འཆར་འདོན་མཁན། ཞུ་གཏུག་རེ་བ་འདོན་མཁན་གྱི་སྤྱི་དམངས་དང་ཁྲིམས་ཚན་ནམ་ཡང་ན་རྩ་འཛུགས་གཞན་དག་བཅས་ལ་ཡིག་འབུལ་ཞུ་བཅར་མཁན་ཟེར།
ཡིག་འབུལ་ཞུ་བཅར་མཁན་གྱིས་སྤྱིར་བཏང་དུ་ཡིག་ཐོག་ནས་ཡིག་འབུལ་ཞུ་བཅར་གྱི་དོན་གནད་ཞུ་དགོས་པ་མ་ཟད། རུས་མིང་(མིང་)དང་སྡོད་གནས། རེ་འདུན། གནས་ཚུལ། རྒྱུ་མཚན་བཅས་གསལ་པོ་འགོད་དགོས། ངག་ཐོག་ནས་ཡིག་འབུལ་ཞུ་བཅར་བྱེད་མཁན་ཡིན་ན་འབྲེལ་ཡོད་ལས་ཁུངས་དང་ཚན་པས་ཇི་མ་ཇི་བཞིན་ཟིན་ཐོ་འགོད་དགོས།
ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་ཞུ་བཅར་དོན་གནད་དེ་དོན་དངོས་དང་མཐུན་ཞིང་བདེན་པ་བདེན་ཐུབ་ཡིན་དགོས་ཤིང་། འབྲེལ་ཡོད་དཔྱད་ཡིག་གི་ནང་དོན་གྱི་བདེན་རྫུན་ལ་འགན་འཁུར་དགོས་པ་ལས། རྫུན་བཟོ་དང་འཁྱོག་བཤད་བྱ་མི་ཆོག་པ་དང་། མི་གཞན་ལ་བསྙོན་འཛུགས་དང་མ་ཉེས་ཁག་གཡོག་བྱ་མི་ཆོག
ཡིག་འབུལ་ཞུ་བཅར་གྱི་དོན་གནད་བདག་སྤྲོད་བྱས་ཟིན་པའམ་སྒྲུབ་བཞིན་པའི་སྐབས། ཡིག་འབུལ་ཞུ་བཅར་མཁན་གྱིས་དུས་བཅད་ནང་ཚུན་དུ་བདག་སྤྲོད་དང་ཐག་གཅོད་བྱེད་མཁན་ལས་ཁུངས་དང་། ཚན་པ་གོང་མའི་ལས་ཁུངས་དང་ཚན་པར་དོན་གནད་དེ་རང་ཡང་བསྐྱར་ཡིག་འབུལ་ཞུ་བཅར་བྱས་ན། གོང་རིམ་ལས་ཁུངས་དང་ཚན་པས་བདག་སྤྲོད་མི་བྱེད།
ཡིག་འབུལ་ཞུ་བཅར་མཁན་གྱིས་ངོ་བཅར་གྱི་རྣམ་པའི་ཐོག་ནས་ཡིག་འབུལ་ཞུ་བཅར་བྱ་སྐབས། ཐག་གཅོད་བྱེད་དབང་ཡོད་པའི་རིམ་པ་དེ་གའམ་རིམ་པ་གཅིག་གིས་མཐོ་བའི་ལས་ཁུངས་དང་ཚན་པས་བཙུགས་པའམ་དམིགས་འཛུགས་བྱས་པའི་སྣེ་ལེན་བྱེད་སར་སོང་ནས་ཞུ་དགོས།
ཡིག་འབུལ་ཞུ་བཅར་མཁན་གྱིས་ངོ་བཅར་གྱི་རྣམ་པའི་ཐོག་ནས་གཏུག་བཤེར་ཁེ་དབང་སྲུང་སྐྱོང་སྐོར་ཡིག་འབུལ་ཞུ་བཅར་བྱ་སྐབས།བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་འབྲེལ་ཡོད་སྲིད་ཁྲིམས་ཚན་པར་ཞུ་དགོས།
མི་མང་པོས་དོན་གནད་གཅིག་ལ་ངོ་བཅར་གྱི་ཡིག་འབུལ་ཞུ་བཅར་བྱེད་དགོས་ན། མང་པོའི་ནང་ནས་འཐུས་མི་ལྔ་མན་གདམ་ནས་ཞུ་བཅར་བྱེད་དགོས།
གཉིས། ཡིག་འབུལ་ཞུ་བཅར་གྱི་དོན་གནད་བདག་སྤྲོད།
ཡིག་འབུལ་ཞུ་བཅར་མཁན་གྱིས་ཐད་ཀར་བཏོན་པའི་ཡིག་འབུལ་ཞུ་བཅར་གི་དོན་གནད་ལ་འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་གྱིས་རང་སར་དོན་གནད་གསལ་བཤད་བྱེད་ཐུབ་ན། རང་སར་ཡིག་ཐོག་ནས་གསལ་བཤད་བྱེད་དགོས། གལ་ཏེ་གསལ་བཤད་བྱེད་མ་ཐུབ་ན་ཡིག་འབུལ་ཞུ་བཅར་གྱི་དོན་གནད་ཞུ་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཡིག་ཐོག་ནས་ཡིག་འབུལ་ཞུ་བཅར་མཁན་ལ་བརྡ་ལན་སྤྲོད་དགོས། འོན་ཀྱང་ཡིག་འབུལ་ཞུ་བཅར་བྱེད་མཁན་གྱི་རུས་མིང་(མིང་)དང་སྡོད་གནས་མི་གསལ་བའི་རིགས་དེའི་ཁོངས་སུ་མི་ཚུད།
སྲིད་ཁྲིམས་ཚན་པས་གཏུག་བཤེར་བྱེད་དབང་དང་འབྲེལ་བའི་དོན་གནད་ཐག་གཅོད་བྱེད་སྐབས་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་སྐྱོན་ཐེར་འདོན་དང་ཞུ་གཏུག་གི་དོན་གནད་ཐག་གཅོད་བྱེད་སྐབས་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
ཡིག་འབུལ་ཞུ་བཅར་གྱི་དོན་གནད་བདག་སྤྲོད་བྱས་ཉིན་ནས་བཟུང་ཉིན་60ནང་ཚུན་དུ་སྒྲུབ་ཚར་བ་དགོས།གནས་ཚུལ་རྙོག་འཛིང་ཆེ་ན།རིམ་པ་དེ་གའི་རྒྱལ་ཁབ་ལས་ཁུངས་ཀྱི་འགན་འཁུར་མི་སྣའི་མོས་མཐུན་བྱུང་རྗེས། ཞུ་དོན་ནར་འགྱངས་འོས་འཚམ་གཏོང་ཆོག་ཀྱང་ཉིན་30ལས་བརྒལ་མི་ཆོག་པར་མ་ཟད། ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་ཞུ་དོན་ནར་འགྱངས་གཏོང་དགོས་པའི་རྒྱུ་མཚན་ཤོད་དགོས།
ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་ཡིག་འབུལ་ཞུ་བཅར་གྱི་ཐག་གཅོད་བསམ་འཆར་བློ་མོས་མ་བྱུང་ན། ཡིག་ཐོག་གི་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན་30ནང་ཚུན་དུ་དེ་སྔ་གཉེར་སྒྲུབ་བྱེད་མཁན་ལས་ཁུངས་སམ་རང་ལས་རིམ་པ་གཅིག་གིས་མཐོ་བའི་ལས་ཁུངས་ལ་བསྐྱར་ཞིབ་བྱེད་རྒྱུའི་རེ་བ་འདོན་ཆོག བསྐྱར་ཞིབ་རེ་བ་ལག་བྱུང་བའི་ཉིན་ནས་བཟུང་གི་ཉིན་30ནང་ཚུན་དུ་བསྐྱར་ཞིབ་བྱས་འབྲས་ཀྱི་བསམ་འཆར་འདོན་དགོས་པ་མ་ཟད། ཡིག་ཐོག་ནས་ལན་འདེབས་དགོས།
ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་བསྐྱར་ཞིབ་བསམ་འཆར་བློ་མོས་མ་བྱུང་ན། ཡིག་ཐོག་གི་བརྡ་ཐོ་འབྱོར་ཉིན་ནས་བཟུང་ཉིན་30ནང་ཚུན་དུ་བསྐྱར་ཞིབ་བྱེད་མཁན་ལས་ཁུངས་དེ་ལས་རིམ་པ་གཅིག་གིས་མཐོ་བའི་ལས་ཁུངས་ལ་བསྐྱར་ཞིབ་བྱེད་རྒྱུའི་རེ་བ་བཏོན་ཆོག བསྐྱར་ཞིབ་ཀྱི་རེ་བ་ལག་འབྱོར་བྱུང་བའི་ཉིན་30ནང་ཚུན་དུ་བསྐྱར་ཞི་བསམ་འཆར་འདོན་དགོས།
ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་བསྐྱར་ཞིབ་བསམ་འཆར་ལ་བློ་མོས་མ་བྱུང་བར། སྔར་བཞིན་རྒྱུ་མཚན་དེ་རང་གིས་ཞུ་གཏུག་རེ་བ་བཏོན་ན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡིག་འབུལ་ཞུ་བཅར་ལས་ཁུངས་དང་ཚན་པ་གཞན་དག་གིས་བདག་སྤྲོད་མི་བྱེད།
ཡིག་འབུལ་ཞུ་བཅར་གི་ལྟ་ཞིབ་ལས་ཀའི་ཁྱབ་ཁོངས་དང་བརྒྱུད་རིམ།
གཅིག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཡིག་འབུལ་ཞུ་བཅར་ལས་དོན་སྤེལ་ཚུལ་དང་ཡིག་འབུལ་ཞུ་བཅར་ལས་ཀའི་འགན་འཁྲི་ལག་བསྟར་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས།
ཡིག་འབུལ་ཞུ་བཅར་ལས་ཀའི་མཉམ་འབྲེལ་གྲོས་ཚོགས་དང་དེའི་གཞུང་ལས་ཁང་། ཏང་ཨུད་དང་སྲིད་གཞུང་གི་ཡིག་འབུལ་ཞུ་བཅར་ལས་ཁུངས་བཅས་ཀྱིསལས་ཀའི་དགོས་མཁོ་ལྟར་ལྟ་ཞིབ་བྱས་ཏེ། ཤེས་རྟོགས་བྱུང་བའི་དོན་གནད་དེ་འབྲེལ་ཡོད་ས་གནས་དང་སྡེ་ཁག་ལ་ཞུལན་འབུལ་དགོས་པ་དང་། དོན་གནད་གལ་ཆེན་ཡིན་ན་རིམ་པ་དེ་གའི་ཏང་ཨུད་དང་སྲིད་གཞུང་ལ་སྙན་སེང་ཞུ་དགོས།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལྟ་བཤེར་ལས་ཁུངས་ཀྱིས་རྙོག་འཛིང་ཆེ་བའི་ཡིག་འབུལ་ཞུ་བཅར་གྱི་དོན་གནད་ལྟ་ཞིབ་བྱེད་ཁོངས་སུ་འཇུག་དགོས།
གཉིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་ཁྲིམས་སྒྲིག་སྲོལ་ལྟར། དུས་ཐོག་ཏུ་ཡིག་འབུལ་ཞུ་བཅར་གི་དོན་གནད་རང་སར་ཐག་གཅོད་བྱ་རྒྱུར་དམིགས་ཏེ། ལོ་རེར་ཡིག་འབུལ་ཞུ་བཅར་ལས་ཀའི་གནས་ཚུལ་ལ་དཔྱད་ཞིབ་བྱ་དགོས། དཔྱད་ཞིབ་བྱས་འབྲས་དེ་བརྡ་ཁྱབ་འོས་འཚམ་གཏོང་དགོས་པ་མ་ཟད། འགོ་ཁྲིད་ཁོངས་མི་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས།
ཡིག་འབུལ་ཞུ་བཅར་ལས་ཀའི་ཁྲོད་དུ་གྲུབ་འབྲས་དང་བྱས་རྗེས་འབུར་ཐོན་འཇོག་མཁན་ལས་ཁུངས་དང་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་སྤྲད་ཆོག
ཡིག་འབུལ་ཞུ་བཅར་ལས་དོན་ཁྲོད་འགན་འཁྲི་ལག་བསྟར་ཡག་པོ་མ་བྱུང་བ་དང་གནད་དོན་ཚབས་ཆེན་ཡོད་པའི་འགོ་ཁྲིད་ཁོངས་མི་དང་འགོ་ཁྲིད་ལས་བྱེད་པར། གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱིས་སྐོང་འདྲི་དང་། བརྡ་བསྒྲགས། དམིགས་སུ་བཀར་ནས་ལྟ་སྐུལ་བྱེད་པ། དུས་བཀག་ནང་བཅོས་སྒྲིག་བྱེད་དུ་འཇུག་པ་བཅས་བྱེད་དགོས།
གསུམ། འབྲེལ་ཡོད་ལས་ཁུངས་དང་ཚན་པས་ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་གཏན་འབེབས་ལས་འགལ་ནས་བདག་སྤྲོད་དང་། ཡིག་འབུལ་ཞུ་བཅར་གི་དོན་གནད་སྒྲུབ་པ་དང་། ཡིག་འབུལ་ཞུ་བཅར་གྱི་དོན་དག་མི་སྒྲུབ་པ་དང་། ཁྲལ་སེལ་སླ་བཅོས།འགོར་འགྱངས། མི་བདེན་རྫུན་སྒྲིག་བཅས་དང་། ཡིག་འབུལ་ཞུ་བཅར་གྱི་ཐག་གཅོད་བསམ་འཆར་ལག་བསྟར་མི་བྱེད་པ་སོགས་ཀྱི་གནས་ཚུལ་དག་ཏང་ཨུད་དང་སྲིད་གཞུང་གི་ཡིག་འབུལ་ཞུ་བཅར་ཚན་པས་ཤེས་ཚེ། དུས་ཐོག་ཏུ་སྐུལ་སྒྲུབ་བྱེད་དགོས་པ་མ་ཟད། ལེགས་བཅོས་བྱ་རྒྱུའི་བསམ་འཆར་འདོན་དགོས།
ལས་ཀའི་ཁྲོད་་སྲིད་ཇུས་ཀྱི་རང་བཞིན་གྱི་དོན་གནད་ཤེས་རྟོགས་བྱུང་ན། རིམ་པ་དེ་གའི་ཏང་ཨུད་དང་སྲིད་གཞུང་ལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་འདོན་དགོས།
ཡིག་འབུལ་ཞུ་བཅར་གྱི་ལས་ཀའི་ཁྲོད་དུ་རང་འགན་གཞན་དཀྲི་དང་། ཁྲལ་སེལ་སླ་བཅོས།འགོར་འགྱངས། མི་བདེན་རྫུན་སྒྲིག་བཅས་བྱས་ནས་བྱས་ཉེས་ཚབས་ཆེན་བཟོས་པའི་ལས་ཁུངས་དང་ཚན་པ། ལས་དོན་མི་སྣ་བཅས་ལ། དོ་དམ་དབང་ཚད་ནང་གི་ལས་ཁུངས་དང་ཚན་པར་འགན་འཁྲི་རྩད་གཅོད་བྱ་རྒྱུའི་བསམ་འཆར་འདོན་དགོས།
ཡིག་འབུལ་ཞུ་བཅར་ཚན་པས་འབྲེལ་ཡོད་ལས་ཁུངས་དང་ཚན་པའི་ལས་དོན་ལེགས་བཅོས་དང་།སྲིད་ཇུས་འཐུས་ཚང་།འགན་འཁྲི་བདའ་འདེད་བཅས་བྱ་རྒྱུའི་བསམ་འཆར་བཏོན་ན། དེ་དང་ལེན་བྱས་ཚུལ་ཡིག་ཐོག་ནས་ཞུ་ལན་འབུལ་དགོས།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡིག་འབུལ་ཞུ་བཅར་ཚན་པས། ལག་འབྱོར་བྱུང་བའི་ཡིག་འབུལ་ཞུ་བཅར་གྱི་དོན་གནད་ཐོ་འགོད་དང་བརྒྱུད་སྤྲོད། མངག་བཀོད་བཅས་བྱེད་དགོས། གལ་ཏེ་གཏན་འབེབས་ལྟར་ཐོ་འགོད་དང་།བརྒྱུད་སྤྲོད།མངག་བཀོད་མ་བྱས་པ་དང་།ཡང་ན་སྐུལ་སྒྲུབ་ཀྱི་འགན་འཁྲི་མ་བསྒྲུབ་ན།དེའི་གོང་རིམ་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་དགོས། བྱས་ཉེས་ཚབས་ཆེན་བཟོས་རིགས་ལ། ཐད་ཀར་འགན་འཁུར་མི་སྣ་དང་ཁག་བགོས་འགན་འཁུར་མི་སྣར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
བཞི། ཡིག་འབུལ་ཞུ་བཅར་གྱི་དོན་གནད་བདག་སྤྲོད་འགན་འཁུར་ལས་ཁུངས་དང་ཚན་པར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། དེའི་གོང་རིམ་ལས་ཁུངས་དང་ཚན་པས་ཡོ་བསྲང་བྱེད་དུ་འཇུག་དགོས། བྱས་ཉེས་ཚབས་ཆེན་བཟོས་རིགས་ལ།ཐད་ཀར་འགན་འཁུར་མི་སྣ་དང་ཁག་བགོས་འགན་འཁུར་མི་སྣར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས།
(གཅིག)ཡིག་འབུལ་ཞུ་བཅར་གི་དོན་གནད་གཏན་འབེབས་ལྟར་ཐོ་འགོད་མི་བྱེད་པའི་རིགས།
(གཉིས)རང་སོའི་འགན་འཁྲིའི་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་དོན་གནད་ལ་བདག་སྤྲོད་མི་བྱེད་པའི་རིགས།
(གསུམ ) གཏན་འབེབས་དུས་བཅད་ནང་ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་ཡིག་འབུལ་ཞུ་བཅར་གྱི་དོན་གནད་བདག་སྤྲོད་བྱེད་མིན་ཡིག་ཐོག་ནས་གསལ་བཤད་མ་བྱས་པའི་རིགས།
ཡིག་འབུལ་ཞུ་བཅར་གྱི་དོན་གནད་ཞུ་སྟངས་དང་"མི་ཆོག་པ་དྲུག"གི་བྱ་སྤྱོད་
གཅིག ཡིག་འབུལ་ཞུ་བཅར་མཁན་གྱིས་ངོ་བཅར་གྱི་རྣམ་པའི་ཐོག་ནས་ཡིག་འབུལ་ཞུ་བཅར་བྱ་སྐབས། ཐག་གཅོད་བྱེད་དབང་ཡོད་པའི་རིམ་པ་དེ་གའམ་རིམ་པ་གཅིག་གིས་མཐོ་བའི་ལས་ཁུངས་དང་ཚན་པས་བཙུགས་པའམ་དམིགས་འཛུགས་བྱས་པའི་སྣེ་ལེན་བྱེད་སར་སོང་ནས་ཞུ་དགོས།
རིམ་ཁག་ལས་ཁུངས་དང་ཚན་པས་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ངོ་བཅར་ཡོང་བའི་མང་ཚོགས་ལ་སྣེ་ལེན་དང་ཐག་གཅོད་ནན་ཏན་བྱས་ཏེ། དོན་གནད་རང་སར་ཐག་གཅོད་བྱེད་པའམ་ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་རང་སར་ཐག་གཅོད་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།
གཉིས།ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་ཡིག་འབུལ་ཞུ་བཅར་གི་གོ་རིམ་ཁྲོད་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་ཞུ་དགོས་པ་ལས། རྒྱལ་ཁབ་དང་། སྤྱི་ཚོགས།ཐུན་མོང་བཅས་ཀྱི་ཁེ་ཕན་དང་སྤྱི་དམངས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག་པ་དང་། རང་འགུལ་གྱིས་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དང་ཡིག་འབུལ་ཞུ་བཅར་གི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས་པ་ལས། གཤམ་གསལ་གྱི་བྱ་སྤྱོད་ཡོད་མི་ཆོག
(གཅིག)ལས་ཁུངས་དང་ཚན་པའི་གཞུང་ལས་ཁང་གི་མཐའ་འཁོར་དང་། མི་མང་འདུ་སར་ཁྲིམས་འགལ་ངང་འདུ་འཛོམས་བྱེད་པ་དང་།ལས་ཁུངས་དང་ཚན་པ་སྐོར་བ་དང་འུར་མཆོང་བྱེད་པ། གཞུང་འཁོར་བཀག་པའམ་ལམ་བཀག་པའི་རིགས།
(གཉིས)ཉེན་ཁ་ཡོད་པའི་དངོས་རྫས་དང་དོ་དམ་བྱས་པའི་ཡོ་བྱད་འཁྱེར་བའི་རིགས།
(གསུམ)ལས་ཁུངས་དང་ཚན་པ་ལས་བྱེད་མི་སྣར་དམའ་འབེབས་གཏོང་བ་དང་། ཉེས་རྡུང་གཏོང་བ།འཇིགས་སྐུལ་བྱེད་པ་བཅས་དང་།ཁྲིམས་འགལ་གྱིས་མི་གཞན་གྱི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའམ་རྒྱུ་དངོས་གཏོར་བརླག་གཏོང་བའི་རིགས།
(བཞི)ཡིག་འབུལ་ཞུ་བཅར་སྣེ་ལེན་བྱེད་སར་སྡོད་པ་དང་ཟིང་ཆ་སློང་བའམ། རང་མགོ་མི་ཐོན་པའི་མི་ཡིག་འབུལ་ཞུ་བཅར་སྣེ་ལེན་བྱེད་ཡུལ་དུ་བསྐྱུར་བའི་རིགས།
(ལྔ)མི་གཞན་ལ་ངན་སྐུལ་དང་། ངན་འབྲེལ། བཙན་སྐུལ།རྒྱུ་ནོར་གྱིས་བསླུ་བྲིད། ལྐོག་ཏུ་བཀོད་པ་གཏོང་བ་བཅས་དང་། ཡང་ན་ཡིག་འབུལ་ཞུ་བཅར་ལ་ཁ་གཡར་ནས་སྐབས་བསྟུན་རྒྱུ་ནོར་བསྡུ་ལེན་བྱེད་པའི་རིགས།
(དྲུག)སྤྱི་པའི་སྒྲིག་ལམ་ལ་གཏོར་བཤིག་དང་། རྒྱལ་ཁབ་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གཞན་དག་གི་རིགས།
གསུམ། ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་གོང་གསལ་གཏན་འབེབས་དང་འགལ་ན། འབྲེལ་ཡོད་ལས་ཁུངས་དང་ཚན་པའི་ལས་མིས་བཀག་སྡོམ་བསླབ་བྱ་དང་སྐྱོན་བརྗོད་དམ་ཡང་ན་སློབ་གསོ་གཏོང་དགོས།
ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་ཟིང་ཆ་སློང་བ་དང་ངོ་གཏུག་ཟིང་སློང་བྱས་ནས་ཉེས་ཚབས་ཆེ་ཞིང་། བདེ་འཇགས་དོ་དམ་དང་འགལ་བའི་བྱས་ཉེས་གྲུབ་པའམ། ཡང་ན་འདུ་འཛོམས་ཁྲོམ་སྐོར་རྔམ་སྟོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དགོས་ངེས་ཀྱི་ཡུལ་དངོས་ཐག་གཅོད་བྱེད་ཐབས་སྤྱད་དེ།བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་དགོས།
ཡིག་འབུལ་ཞུ་བཅར་བྱེད་མཁན་གྱིས་མི་བདེན་རྫུན་སྒྲིག་དང་འཁྱོག་བཤད། བསྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོག་བྱས་ནས་བདེ་འཇགས་དོ་དམ་དང་འགལ་བའི་བྱས་ཉེས་གྲུབ་ན།ཁྲིམས་ལྟར་བདེ་འཇགས་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ་དང་། ཉེས་པ་བསགས་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注