ཅི་ཞིག་ལ་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཟེར།

གཅིག ཅི་ཞིག་ལ་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཟེར།

དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལ་སྤྱིར་བཏང་དུ་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཟེར། སྤྱི་དམངས་སམ་ཁྲིམས་མིས་དམངས་དོན་ཁེ་དབང་དང་དམངས་དོན་འོས་འགན་འཛུགས་པ་དང་བསྒྱུར་བཅོས་བྱེད་པ། བྱེད་མཚམས་འཇོག་པའི་ཁྲིམས་མཐུན་གྱི་བྱ་སྤྱོད་ལ་ཟེར། (དཔེར་ན། གན་རྒྱའི་བྱ་སྤྱོད་དང་གཉེན་སྒྲིག་གི་བྱ་སྤྱོད། ཁ་ཆེམས་ཀྱི་བྱ་སྤྱོད་སོགས)

དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེའི་ཚུགས་པ་ནས་བཟུང་ཁྲིམས་ལུགས་ཀྱི་གཅུན་ནུས་ལྡན། བྱ་སྤྱོད་སྤེལ་མཁན་གྱིས་བཅའ་ཁྲིམས་ལ་མ་བརྟེན་པའམ་ཡང་ན་ཕ་རོལ་པོའི་མོས་མཐུན་མ་ཐོབ་པར་རང་འདོད་ཀྱིས་དེ་བསྒྱུར་བཅོས་སམ་ཕྱིར་འཐེན་བྱས་མི་ཆོག

གཉིས། བཅའ་ཁྲིམས་དབྱེ་ཞིབ།

དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་མི་འདྲ་བར་གཞིགས་ནས་དེ་ལ་རིགས་གསུམ་དུ་དབྱེ་ཆོག་སྟེ།

1.ཕྱོགས་གཉིས་ཀྱི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཅེས་པ་ནི་དོ་བདག་ཕྱོགས་གཉིས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་ན་ད་གཟོད་ཚུགས་ཐུབ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལ་ཟེར། དཔེར་ན། དེ་ལ་ཆེས་དཔེར་འོས་པ་ནི་གན་རྒྱ་ཡིན།

2.ཕྱོགས་མང་པོའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཅེས་པ་ནི་དམངས་དོན་བཅའ་ཁྲིམས་ཀྱི་བྱེད་པོ་གཉིས་ཡན་གྱི་བསམ་དོན་གཅིག་མཐུན་ཡིན་ནས་ཚུགས་པ་མཚོན་པའི་བྱ་སྤྱོད་ལ་ཟེར། དཔེར་ན། གན་རྒྱའི་སྒྲིག་ཡིག་འཇོག་པའི་བྱ་སྤྱོད་དང་གན་རྒྱའི་གྲོས་གཞི་འཇོག་པའི་བྱ་སྤྱོད་ལྟ་བུ་ཡིན།

3.ཕྱོགས་གཅིག་པུའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཅེས་པ་ནི་ཕྱོགས་གཅིག་གི་བསམ་ཚུལ་ལ་གཞིགས་ནས་ཚུགས་པ་བྱེད་ཐུབ་པའི་བྱ་སྤྱོད་ལ་ཟེར། དཔེར་ན། བདག་དབང་འཛིན་མཁན་གྱིས་བདག་དབང་དོར་བའི་བྱ་སྤྱོད་དང་ཁ་ཆེམས་འཇོག་པ། ངོ་ཚབ་བྱེད་དབང་སྤྲོད་པ་བཅས་ལ་ཕྱིར་འཐེན་བྱེད་དབང་དང་། མེད་པར་བྱེད་དབང་། གདམ་གསེས་བྱེད་དབང་སོགས་སྤྱོད་རྒྱུ་དེ་ཡིན།

གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་སོ་གསུམ་པར། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ནི་དམངས་དོན་བྱེད་པོས་བསམ་དོན་མཚོན་པ་བརྒྱུད་ནས་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་འཛུགས་པ་དང་། བསྒྱུར་བཅོས། མཚམས་འཇོག་པ་བཅས་ཀྱི་བྱ་སྤྱོད་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན་བརྒྱ་དང་སོ་བཞི་པར། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེ་ཕྱོགས་གཉིས་སམ་ཕྱོགས་མང་པོའི་བསམ་ཚུལ་གཅིག་མཐུན་ཡིན་པ་ལ་གཞིགས་ནས་ཚུགས་པ་ཡིན་ལ། ཕྱོགས་གཅིག་པུའི་བསམ་ཚུལ་ལ་གཞིགས་ནས་ཚུགས་པས་ཀྱང་ཆོག

ཁྲིམས་མི་དང་ཁྲིམས་མི་མིན་པའི་རྩ་འཛུགས་ཀྱིས་བཅའ་ཁྲིམས་སམ་སྒྲིག་ཡིག་ཏུ་གཏན་འཁེལ་བྱས་པའི་གྲོས་མོལ་བྱེད་ཐབས་ལ་བརྟེན་པ་དང་ཐག་གཅོད་ཀྱི་གོ་རིམ་ལ་བརྟེན་ནས་གྲོས་ཆོད་བཞག་ན། གྲོས་ཆོད་དེའི་བྱ་སྤྱོད་དེ་ཚུགས་པ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号