ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་གྲུབ་འབྲས་མངོན་གསལ་ཡིན་པ།
ཉེ་ལམ། ཧྲིན་ཀྲིན་གྲོང་ཁྱེར་དུ་གཉེར་བའི་ཁྱད་ལྡན་ཐོན་ལས་མ་འཇོག་འོས་སྦྱོར་བྱ་འགུལ་ཞིག་གི་སྟེང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལེགས་ཆ་དང་དངུལ་གཏོང་ཁོར་ཡུག་ལེགས་པོ་ཞིབ་ཕྲའི་ངོ་སྤྲོད་བྱས་པ་བརྒྱུད། ཁེ་ལས་གཉིས་བར་དངུལ་གཏོང་མཉམ་ལས་མོས་མཐུན་བྱུང་བ་དང་གྲོས་མཐུན་དངུལ་གཏོང་བསྡོམས་འབོར་སྒོར་ཁྲི2500ལ་སླེབས།
ད་ལོའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་གྱི་ནུས་ཤུགས་ཆེ་རུ་ཕྱིན་ཡོད་ལ། ཟླ2པའི་བར་གྲོང་ཁྱེར་ཡོངས་སུ་ཚོང་འགུགས་དངུལ་འདྲེན་རྣམ་གྲངས20(མཐུད་སྐྲུན་རྣམ་གྲངས20)ཡོད་པ་དང་། ཚོང་འགུགས་དངུལ་འདྲེན་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར2.78དམིགས་སར་འབྱོར་ནས་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྒོར་དུང་ཕྱུར2.78ལེགས་པར་འགྲུབ་པ་དང་། ལས་ཞུགས་མི་སྣ429བསྡུ་ལེན་བྱས་ནས་ངལ་ལས་འབབ་འཕར་སྒོར་ཁྲི148མངོན་འགྱུར་བྱུང་། གྲོང་ཁྱེར་ཡོངས་ཀྱི་ལོ་འཁོར་འཕེལ་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། སྔོན་དཔག་བྱས་པ་ལྟར་ན་དུས་ཚིགས་དང་པོར་ཚོང་འགུགས་དངུལ་འདྲེན་གྱི་དམིགས་འབེན་ལས་འགན་སྒོར་དུང་ཕྱུར4.2ལེགས་པར་འགྲུབ།
རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར་ནག་ཆུ་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པ་དང་ནང་དུ་འདྲེན་པ”གཙོར་བཟུང་ནས་ཚོང་འགུགས་དངུལ་འདྲེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མིག་སྔར། གྲོང་ཁྱེར་ཡོངས་སུ་བསམ་བློ་ཞིབ་ཏུ་བཏང་ནས་གསོག་ཉར་བྱས་པའི་ཚོང་འགུགས་དངུལ་འདྲེན་རྣམ་གྲངས51ཡོད་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར100གཏོང་རྩིས་ཡོད། ཚོང་འགུགས་ཀྱི་ཤུགས་རྐྱེན་ཐེབས་ནུས་སྔར་བས་རྒྱ་སྐྱེད་དུ་གཏོང་བ་དང་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་དངུལ་འདྲེན་བྱ་འགུལ་གྱི་འཆར་གཞིར་བརྟེན་པའི་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ལོ་ཧྲིལ་བོར་ཚོང་འགུགས་འོས་སྦྱོར་བྱ་འགུལ་ཐེངས10ཡན་སྤེལ་ཏེ། ཕྱོགས་གང་ཅིའི་ཐད་ཁྱད་ལྡན་གྱི་འཕེལ་རྒྱལ་མི་མངོན་པའི་ནུས་ཤུགས་ངོམས་ནས་སྤུས་ལེགས་ཁེ་ལས་ཀྱིས་ནག་ཆུར་དངུལ་གཏོང་དང་ལས་རིགས་དར་སྤེལ་གྱི་འཆར་གཞི་བཟོས་ཡོད།
ཉེ་བའི་ལོ་འགའི་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཚོང་འགུགས་དངུལ་འདྲེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་འབད་བརྩོན་འོག ལས་དོན་སྤྱིའི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པ་དང་ཚོང་འགུགས་དངུལ་འདྲེན་གྱི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།
2024ལོར། ནག་ཆུ་གྲོང་ཁྱེར་གྱིས“གོ་རིམ་ཧྲིལ་བོར་ཚབ་སྒྲུབ་དང་། ཆེད་ལས་ཚན་ཆུང་གིས་ཞབས་ཞུ”ཡི་ལས་དོན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཚོང་འགུགས་དངུལ་འདྲེན་རྣམ་གྲངས65ཚེ་སྲོག་འཁོར་ཡུན་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ལོ་ཧྲིལ་བོར“ཕྱིར་སྐྱོད་པའི”ཚོང་འགུགས་བྱ་འགུལ་ཐེངས12སྤེལ་ཤིང་། ལིའོ་ཉིང་ཚོང་གཏམ་གྲོས་ཚོགས་དང་རྟ་རྒྱུག་དུས་ཆེན་སོགས་ལས་སྟེགས་ལ་བརྟེན་ནས་རྣམ་གྲངས27ནང་འདྲེན་བྱས་པ་དང་གྲོས་མཐུན་བཞག་པའི་དངུལ་གཏོང་བསྡོམས་འབོར་སྒོར་དུང་ཕྱུར59.51ཟིན་ནས་རྣམ་གྲངས་དམིགས་སར་འབྱོར་ཚད100%ལ་སླེབས་ཡོད། དེ་དང་ཆབས་ཅིག རྣམ་གྲངས་འཛུགས་སྐྲུན་གྱི་གནད་ཆེའི་རྒྱུ་རྐྱེན་འགན་སྲུང་རྒྱུན་མཐུད་ཇེ་དྲག་ཏུ་བཏང་ནས། མཐུད་སྐྲུན་རྣམ་གྲངས38དང་གསར་སྐྲུན་རྣམ་གྲངས27མགྱོགས་མྱུར་སྐྲུན་མགོ་ཚུགས་པར་སྐུལ་འདེད་བཏང་། ལོ་ཧྲིལ་བོར་དོན་དངོས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར38.83ཟིན་པ་དང་དུས་མཉམ་ལས45.91%འཕར་ཡོད་ལ། ལོ་འཁོར་དམིགས་འབེན་ལས་འགན་གྱི194%ཚད་བརྒལ་ལེགས་འགྲུབ་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་སྒོར་དུང་ཕྱུར30ཡི་འགག་ཆེན་ལས་བརྒལ་བ་དང་། ཚོང་འགུགས་དངུལ་འདྲེན་ལས་དོན་ལ་ངོ་བོའི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注