ལའོ་ཏུང་ཁྲོན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
ཟླ3ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྔར་ལས་གཅིག་འདོམས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུས་ཧྲུའུ་ཡི་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། བདེ་ཐང་དང་བདེ་སྐྱིད། དེང་རབས་ཅན་བཅས་ཀྱི་ཡུས་ཧྲུའུ་ཡི་ལེའུ་གསར་པ་འབད་པས་རྩོམ་དགོས་ཞེས་ནན་གྱིས་བསྟན།
ཡུས་ཧྲུའུ་གྲོང་ཁྱེར་ཞིས་ཧང་སྲང་ལམ་ཁྲ་འགུ་སྡེ་བའི་སྡེ་མི་ཉི་འབྲུག་གི་ཁྱིམ་དུ། ལའོ་ཏུང་ཁྲོན་གྱིས་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་སེམས་ཁུར་དང་འདྲི་རྟོགས་ཞིབ་མོ་བྱས་ལ། ཉི་འབྲུག་ལ་ཕྱུག་འགྱུར་སྣེ་ཁྲིད་ཀྱི་བྱེད་ནུས་སྔར་ལས་འདོན་སྤེལ་བྱས་ཏེ་སྡེ་མི་ཡོངས་ལག་རྡང་མཉམ་སྦྲེལ་གྱིས་འཚོ་བ་སྔར་ལས་བཟང་པོ་རོལ་དགོས་པའི་སྐུལ་མ་བཏང་། ཡུས་ཧྲུའུ་གྲོང་ཁྱེར་བྱ་ཆུ་ཁོག་སྲང་ལམ་སྐར་མདའ་སྡེ་བ་རུ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གནས་ཚུལ་ལ་ཞིབ་ལྟ་བྱས་ཤིང་། ས་གནས་ཁྱད་ལྡན་ཐོན་རྫས་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་རྒྱ་བསྐྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས་པར་བསྟན། དཀར་མདའ་སྡེ་བའི་སློབ་ཁྲིད་བྱེད་ས་དང་ཁོངས་གཏོགས་བྱིས་གཉོར་ཁང་དུ། ལའོ་ཏུང་ཁྲོན་གྱིས་བྱིས་པ་རྣམས་ལ་བརྩེ་བའི་འཚམས་འདྲི་བྱས་ལ། སློབ་གྲྭའི་འགན་ཁུར་པ་དང་ཟ་ཁང་གི་ལས་སྒྲུབ་མི་སྣར་ཟས་རིགས་བདེ་འཇགས་ལ་འགན་སྲུང་དངོས་ཐོབ་པར་བྱས་ནས། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སེམས་ཞིབ་མོས་ལྟ་སྲུང་བྱེད་དགོས་པའི་མངག་བཅོལ་གནང་།
ཡུས་ཧྲུའུ་གྲོང་ཁྱེར་གྱི་བློ་གྲོས་གྲོང་ཁྱེར་དོ་དམ་ཞབས་ཞུའི་ལྟེ་གནས་སུ། ལའོ་ཏུང་ཁྲོན་གྱིས་ལྟེ་གནས་འཛུགས་སྐྲུན་འཁོར་སྐྱོད་དང་གྲོང་ཁྱེར་དོ་དམ་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་ནན་ཏན་གྱིས་ཉན། ལའོ་ཏུང་ཁྲོན་གྱིས་བསྟན་དོན། པེ་ཅིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་ཡུས་ཧྲུའུ་ཡི་རྐྱེན་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། མི་ཐབས་རིག་གནས་ཀྱི་ལག་རྩལ་གསར་པ་ནང་འདྲེན་བྱེད་པ་དང་། དོ་དམ་ཞབས་ཞུའི་ཚན་རིག་ཅན་དང་ཞིབ་ཚགས་ཅན། རིག་ནུས་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོ་རུ་གཏོང་བ། ཆ་འཕྲིན་གྱི་བཀག་རྒྱ་མེད་པར་གཏོང་བ་དང་མཐོ་སྒང་བློ་གྲོས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྔར་ལས་སྐུལ་འདེད་བཏང་སྟེ། ཆ་འཕྲིན་ཡོངས་སུ་ཁེབས་པར་བྱས་ནས་མང་ཚོགས་ཀྱི་དཀའ་གནད་ཇེ་ཉུང་དུ་གཏོང་དགོས་ཟེར། ཡུའུ་ཧྲུའུ་ཁུལ་སྤྱི་བདེ་ཅུའུ་རུ། ལའོ་ཏུང་ཁྲོན་གྱིས་བཀོད་འདོམས་ལྟེ་གནས་ཀྱི་བཀོད་གཏོང་འཁོར་རྒྱུག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། གཞི་རིམ་མངག་གཏོང་ཁང་དང་སྐུད་ལམ་སྦྲེལ་ནས་ལས་རེས་ལས་གྲབས་ཀྱི་གནས་ཚུལ་འདི་རྟོག་ཞིབ་མོ་བྱས་ཤིང་། བསམ་བཀོད་གཅིག་གི་དགོངས་པ་བརྟན་པོར་བཙུགས་ཏེ། བྱ་བའི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱས་ནས། བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་ནན་གྱིས་བསྟན།
ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་སུ། ལའོ་ཏུང་ཁྲོན་གྱིས་རྒྱང་བསྟེན་བརྙན་རིས་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་བརྒྱུད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཚིགས་ཁ་ཤས་ཀྱི་ཡུལ་དངོས་རྣམ་པར་ཞིབ་ལྟ་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ལའོ་ཏུང་ཁྲོན་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་རྒྱལ་དོན་གྱི་ཆེ་ཕྱོགས་འདི་སེམས་སུ་ཉར་ཏེ། སྐྱེ་ཁམས་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་བསྐྲུན་པ་དང་ཟུང་འབྲེལ་བྱེད་པ། ལྗང་མདོག་ཡུས་ཧྲུའུ་ཡི་འགྲེམ་སྟོན་སྒེའུ་ཁུང་གལ་ཆེན་རྒྱུན་མཐུད་ངང་བསྐྲུན་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཡུས་ཧྲུའུ་ཡི་གཏམ་རྒྱུད་ལེགས་པོར་འཆད་དགོས་ཞེས་བསྟན།
ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་དགུ་དགོན་པ་རུ། ལའོ་ཏུང་ཁྲོན་གྱིས་དགོན་པའི་གྲྭ་བཙུན་རྣམས་དང་ཁ་བརྡ་བརྗེ་རེས་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་གྱི་རྣམ་པ་ལེགས་པོ་མུ་མཐུད་དུ་་སྲ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་བྱས།
ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་རྗེས་དྲན་ཁང་ནི་རང་རྒྱལ་གྱི་མཚོ་འཕང་མཐོ་བའི་ས་ཁུལ་གྱི་ཡོམ་འགོག་རྒུད་སྐྱོབ་ཀྱི་བརྒྱུད་རིམ་ཧྲིལ་བོ་ཐོག་དང་པོར་ཕྱོགས་ཡོངས་ནས་ཟིན་ཐོར་བཀོད་པའི་དངོས་བྲིས་རང་བཞིན་གྱི་འགྲེམ་སྟོན་ཁང་ཞིག་རེད། ཡུས་ཧྲུའུ་ཡོམ་འགོག་གནོད་སྐྱོབ་དང་གནོད་རྗེས་བསྐྱར་བསྐྲུན་གྱི་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ལའོ་ཏུང་ཁྲོན་སེམས་འགུལ་ཐེབས་ཞོར། པར་རིས་འདི་དག་དང་ཡུལ་རྣམ་རེ་རེ་ནི་ཧ་ཅང་རྩ་ཆེ་བ་ཞིག་ཡིན་ཏེ། བརྩེ་སེམས་གཅིག་མཐུན་དང་གཞོམ་ཞིག་མེད་པ། འགྲན་སློང་ཕོད་པ། དྲིན་ཚོར་ཡར་བསྐྱེད་བཅས་ཀྱི་ཡུས་ཧྲུའུ་ཡི་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་གསལ་འགྲེལ་བྱས་ཡོད་པས། སྔར་ལས་ལྷག་པར་སྔོག་འདོན་བཟང་པོ་དང་ལེགས་སྒྲིག་གང་ལེགས། བེད་སྤྱོད་ཡག་པོ་བྱས་ཏེ། སློབ་གསོས་སྣེ་ཁྲིད་དེ་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དྲིན་ཤེས་བསམ་པ་དང་དྲིན་འཇལ་བསམ་པ་དེ་འབད་བརྩོན་ལྷོད་མེད་དང་འབད་འབུངས་ཡར་བརྩོན་གྱི་བླ་མེད་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་ཞེས་ནན་བཤད་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注