མགོན་པོ་བཀྲ་ཤིས་ཀྱིས་ཧུའུ་ཀྲུའུ་རྫོང་དུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་རྟོག་ཞིབ་བྱས།
ཟླ3པའི་ཚེས19ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་སྟེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་འབྲེལ་ཡོད་བྱ་བར་རྟོག་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་བསྡུ་དང་། དངོས་སྒྲུབ་སྔོན་བརྩོན། བཅོས་སྒྱུར་གཙོ་གནད་དུ་བཟུང་ནས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱིས་མཆོང་སྐྱོད་གསར་བ་མངོན་འགྱུར་འབྱུང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཧུའུ་ཀྲུའུ་ནི་རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་རེད། ཉེ་བའི་ལོ་འགའི་རིང་། ཧུའུ་ཀྲུའུ་རྫོང་གིས་མཚོ་སྔོན་གྱི་གཙག་དྲུབ་ཐོན་ལས་གསོ་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ། རྟེན་གཞི་དང་ཁེ་ལས། བཟོ་ཁང་། རོང་ཁྱིམ་བཅས་ཀྱི་ཐོན་སྐྱེད་རྣམ་པ་གྲུབ་པར་འཚོལ་ཞིབ་བྱས་ནས་ཧུའུ་ཀྲུའུ་ཡི་མཚོ་སྔོན་གཙག་དྲུབ་ཀྱི་ཐོན་ལས་རྟེན་གཞི་འཛུགས་གྲུབ་བྱས། མགོན་པོ་བཀྲ་ཤིས་ཐོག་མར་ཐོན་ལས་རྟེན་གཞི་རུ་སོང་སྟེ། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁང་དང་། མི་རིགས་རྒྱན་གོས་འགྲེམ་སྟོན་ཁང་། རིག་གནས་གསར་སྤེལ་ཐོན་རྫས་འགྲེམ་སྟོན་ཁང་སོགས་སུ་མཚོ་སྔོན་གཙག་དྲུབ་ལག་རྩལ་དང་། གཙག་དྲུབ་བཟོ་རྩལ་པ་གསོ་སྐྱོང་། ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་གཙག་དྲུབ་ནི་སོར་རྩེའི་བཟོ་རྩལ་ཙམ་ཞིག་མ་ཡིན་པར། སོར་རྩེའི་དཔལ་འབྱོར་ཞིག་ཀྱང་ཡིན་པར་བརྟེན། གྲོང་གསེབ་དར་སྤེལ་དང་། ས་ཁུལ་གྱི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་ཐུབ་པས། སྲོལ་རྒྱུན་གྱི་ལག་རྩལ་བཟོ་རྩལ་འདི་རྒྱུན་འཛིན་ལེགས་པོ་དང་། དར་སྤེལ་བཟང་པོ་བྱས་ཏེ། མཚོ་སྔོན་གྱི་གཙག་དྲུབ་ཐོན་ལས་ལེགས་པོར་གཉེར་ནས་སྔར་ལས་མང་བའི་བཟོ་རྩལ་པ་སྐུལ་ཁྲིད་བྱས་ཏེ་ཡོང་སྒོ་འཕར་ནས་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་བཤད།
དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཏུ། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི་དང་། ལས་བྱེད་ལས་བཟོ་པ། གྲོང་གསེབ་དར་སྤེལ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ལས་བྱེད་མི་སྣ་ཁག་ཅིག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ལ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཧུའུ་ཀྲུའུ་རྫོང་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཏུང་གིས་མི་སྒེར་གྱི་འགན་སྒྲུབ་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས། མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྔར་ལས་ལྷག་པར་སློབ་སྦྱོང་ཡག་པོ་དང་། དྲིལ་སྒྲོག་གང་ལེགས། ལག་བསྟར་བཟང་པོ་བཅས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་དང་དཔྱིད་གསར་ཚོགས་འདུ་དང་པོའི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་། དངོས་སྒྲུབ་སྔོན་བརྩོན་གྱིས་ཁྱད་ལྡན་དགེ་མཚན་ཐོན་ལས་ཤུགས་ཆེན་པོས་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ་དང་། ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་བཅས་ལ་སྐུལ་བའི་ལས་དོན་གཅིག་འདོམས་ཀྱིས་ལེགས་པོར་སྒྲུབ་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལས་དོན་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
མགོན་པོ་བཀྲ་ཤིས་སོགས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཏུང་ཧྭ་ཡིས་བདག་གཉེར་བྱེད་པའི་ནཱ་ཏུན་གཞིས་ཀར་འཚམས་འདྲི་རྟོག་ཞིབ་བྱས་ཏེ། ཁེ་ལས་བདག་གཉེར་དོ་དམ་བྱ་བར་མཉམ་དུ་སློབ་སྦྱོང་དང་གྲོས་སྡུར་བྱས་ལ། མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཁེ་ལས་དེ་རིག་གནས་ཡུལ་སྐོར་དང་མཐོ་སྒང་ཁམས་གསོ་རྣམ་པའི་འཕེལ་རྒྱས་བསམ་ཕྱོགས་སུ་བསྐྱོད་པར་ཁས་ལེན་གང་ལེགས་བྱས་ཤིང་། ལག་ལེན་འཚོལ་ཞིབ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་བརྩོན་ལེན། དགེ་མཚན་ཐོན་ཁུངས་སྡེབ་སྒྲིག ཁྱད་ལྡན་ཚོང་རྟགས་བསྐྲུན་པ་སོགས་ཕྱོགས་ནས་མཛུབ་སྟོན་རང་བཞིན་གྱི་བསམ་ཚུལ་བཏོན་ལ། མཚོ་སྔོན་གྱི་ཁྱད་འཕགས་རང་བྱུང་དགེ་མཚན་དང་མཐོ་སྒང་གསོ་རིག་ཐད་ཀྱི་ཞིབ་འཇུག་གྲུབ་འབྲས་དེ་མཐོ་སྒང་ཁམས་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོར་འགྱུར་བར་མཉམ་དུ་འབད་པ་བྱེད་དགོས་ཞེས་བསྟན།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏཱ་ཡེ་རྟོག་ཞིབ་ཁྲོད་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注