མཚོ་སྔོན་གྱིས་སྨན་བཅོས་ཞབས་ཞུའི་སྲིད་ཇུས་མང་པོ་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་བསྐངས་པ།
ཟླ12པའི་ཚེས2ཉིན་གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས“སྨན་གསུམ་མཉམ་འགུལ”གྱི་མཐུན་སྦྱོར་བཅོས་སྐྱོང་ཐད་བྱེད་ཐབས་དངོས་བཏོན་ནས་སྨན་བཅོས་ཞབས་ཞུའི་སྲིད་ཇུས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་གྱི་ནད་པའི་དགོས་མཁོ་སྣ་ཚོགས་འགན་སྲུང་བྱས།
ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་དང་སྨན་བཅོས་ཞབས་ཞུའི་དོ་དམ་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དང་དེ་བཞིན་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་བཅུག་པའི་བསྡུར་གྲངས་བཟུང་ཚད87%དང68%སོ་སོར་ཟིན།
རྒྱལ་ཁབ་ཀྱི་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་དང་ལེན་ཧུར་ཐག་བྱས་ནས་གཞོགས་འདེགས་སྐྱེ་འཕེལ་རྣམ་གྲངས9སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ་དང་། ཞབས་ཞུའི་རིན་གོང་གཏན་འཁེལ་ལུགས་མཐུན་བྱས་ཏེ། འགན་སྲུང་ནང་ཞུགས་མཁན་གྱིས་སྒོ་བསྟེན་སྨན་ཁང་དུ་གཞོགས་འདེགས་སྐྱེ་འཕེལ་རྣམ་གྲངས་ཀྱི་སྨན་བཅོས་བྱེད་སྐབས་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཚང་མས50%ཡི་བསྡུར་ཚད་ལྟར་འགྲོ་སོང་རྩིས་ཞུ་བྱ་ཆོག་པ་དང་། སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་གི་གཅིག་གྱུར་འཆར་འགོད་ཀྱི་སྨན་བཅོས་འགན་སྲུང་གི་གཏོང་སྤྲོད་བཅད་གྲངས་མི་འཐེན་ལ། ཐོག་མའི་གཏོང་སྤྲོད་ཚད་གཞི་དང་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་ཀྱི་ཚད་གཞི་མི་བཟོ་བས། མངལ་མ་ཆགས་པའི་ནད་པའི་བུ་བཙའི་མ་གནས་ཤུགས་ཆེན་པོས་ཇེ་དམའ་རུ་བཏང་ཡོད། བུ་བཙའ་འདོད་ཡོད་པའི་ཁྱིམ་ཚང་གི“སྐྱེ་མི་ཐུབ་པ་དང་སྐྱེ་མི་ཕོད་པའི”དཀའ་ངལ་བསལ་ནས་བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་དགོས།
ཉིན་མོའི་གཤགས་བཅོས་ཀྱི་ནད་རིགས་ཁྱབ་ཁོངས་མུ་མཐུད་ཆེ་རུ་བཏང་ནས“སྐྱ་འགྲིབ་འོ་འགྱུར་གྱི་གཤགས་བཅོས་དང་མི་ཐབས་ཆུ་ཤེལ་གཟུགས་འཇུག་པ”སོགས་ནད་རིགས71དང་འབྲེལ་བ་ཡོད་པའི་ཉིན་མོའི་གཤགས་བཅོས་ཁག127སྨན་བཅོས་འགན་སྲུང་གི་རྩིས་རྒྱག་ཁྱབ་ཁོངས་ནང་བཅུག་པ་དང་། སྨན་བཅོས་འགན་སྲུང་ནང་ཞུགས་མཁན་གྱིས་སྨན་བཅོས་བྱེད་སྐབས་སྨན་ཁང་དུ་སྡོད་པའི་སྲིད་ཇུས་ལྟར་གཏོང་སྤྲོད་བྱེད་པ་ལས་ཐོག་མའི་གཏོང་སྤྲོད་ཚད་གཞི་བཟོས་མེད། སྨན་བཅོས་འགན་སྲུང་ལས་ཁུངས་ཀྱིས་སྨན་བཅོས་སྒྲིག་གཞིརDRG/DIPཡི་རྒྱུན་གཏན་ཚོ་ཆུང་ནང་ཞུགས་པའི་ཚད་གཞི་ལྟར་སྨན་རིན་སྤྲོད་པ་དང་། སྨན་བཅོས་སྒྲིག་གཞིས་ནད་གཞི་གཏན་འཁེལ་གྱི་ནད་པ་བསྡུ་བཅོས་བྱ་བར་སྐུལ་ལྕག་བཏང་ནས་སྨན་བཅོས་འགན་སྲུང་ནང་ཞུགས་མཁན་གྱི་འགྲོ་གྲོན་ཁུར་པོ་ཇེ་ཡང་དང་། སྨན་བཅོས་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།
སྨན་བཅོས་འགན་སྲུང་ཐེབས་རྩའི་ཐེག་ནུས་ལ་བསམ་གཞིག་གང་ལེགས་བཏང་པའི་རྨང་གཞིའི་ཐོག་གྲུམ་ནད་དང་གདོང་འཇའ་སོགས་ནད་རིགས6ཀྲུང་བོད(སོག)སྨན་ཁང་གི་ཉིན་མོའི་ནད་ཁང་གི་སྨན་བཅོས་འགན་སྲུང་བསྡོམས་རྩིས་ཁྱབ་ཁོངས་སུ་བཅུག་པ་དང་། སྨན་བཅོས་འགན་སྲུང་ནང་ཞུགས་མཁན་ནད་པས་སྨན་བཅོས་བྱེད་རིང་བཏང་བའི་སྨན་བཅོས་འགྲོ་གྲོན་ཁག་ནང་ནས་སྨན་ཁང་དུ་སྡོད་པའི་སྲིད་ཇུས་ལྟར་གཏོང་སྤྲོད་བྱེད་པ་ལས། སྨན་བཅོས་སྒྲིག་གཞིས་ནད་ཁྲིའི་འགྲོ་གྲོན་མི་བསྡུ་བ་དང་། ནད་གཡོག་འགྲོ་གྲོན་དེ་རིམ་གསུམ་ནད་གཡོག་ཚད་གཞིའི50%ལྟར་ལེན་རྒྱུ། སྨན་བཅོས་འགན་སྲུང་གཏོང་སྤྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ཀྲུང་བོད(སོག)སྨན་བཅོས་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། ནད་པའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་མི་རིགས་གསོ་རིག་དང་སྨན་རྫས་བདེ་ཐང་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་དགོས་མཁོ་སྣ་མང་སྐོང་ཐུབ་པར་བྱ་རྒྱུ།
སྒོ་བསྟེན་སྨན་བཅོས་ཀྱི“ནད་གཉིས”ཀྱི་སྨན་སྤྱོད་དཀར་ཆག་གཅིག་གྱུར་བཟོས་པའི་ནང་གཅིན་སྙི་ཟགས་ཁུ་རིགས142དང་ཁྲག་ཤེད་མཐོ་བའི་རིགས286ལ་སྤྱོད་རྒྱུ་ཡིན་པ་དང་། འགན་སྲུང་ནང་ཞུགས་མཁན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སིལ་ཚོང་ཁང་ཚང་མར“ནད་གཉིས”ཀྱི་ཐོབ་ཐང་ལོངས་སུ་སྤྱད་ཆོག དེ་དང་ཆབས་ཅིག་སྒོ་བསྟེན་སྨན་ཁང་གི་སྨན་ཐོའི་སྤྱོད་ཚད་ཉིན90བར་ཇེ་རིང་དུ་བཏང་སྟེ་ཕར་འགྲོ་ཚུར་འོང་ངང་སྨན་སྤྲོད་པའི་ཁུར་པོ་ཇེ་ཡང་དུ་གཏང་རྒྱུ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注