མཚོ་སྔོན་གྱིས་ལག་བསྟར་བསམ་འཆར་བཏོན་ནས“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་།
ཟླ11པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་དང་མཉམ་དུ《ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས“བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར》བཏོན་ནས། “བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་། བསམ་འཆར་དེའི་ནང་དུ་ཧུར་ཐག་གིས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་དང་། ཞིང་ཆེན་རིམ་པའི་ཆེད་སྤྱོད་མ་དངུལ་འཛུགས་པ། ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་དངུལ་གཏོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་དང་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ། གུང་ཧོ་གཞོང་སའི་བྱེ་ཐང་གི་ལྟེ་བའི་ཚར་གཅོད་དམག་འཐབ་དང་། ཚྭ་འདམ་གཞོང་སའི་བྱེ་ཐང་མཐའ་མཚམས་འགོག་རྒོལ་དམག་འཐབ། མཐུན་སྦྱོར་སྐུལ་འདེད་ཁུལ་གྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས། མ་ལག་སྲུང་སྐྱོང་དང་ཉམས་གསོའི་བཅོས་སྐྱོང་ལ་སྐུལ་འདེད་དང་། སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྨང་གཞིའི་འདེགས་སྐྱོར་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་གཞི་ཚན་རིག་ཅན་དུ་འགྱུར་བའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཞེས་བསྟན་ཡོད།
《ལག་བསྟར་བསམ་འཆར》ནང་ཕྱོགས་གསུམ་ཐད་ནས་མ་དངུལ་གྱི་རྒྱབ་སྐྱོར་ཁྱབ་ཁོངས་དང་། ལས་གཞི་ལག་བསྟར་ས་ཁོངས། ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་བཅས་གསལ་བོ་བཟོས་ཡོད། ཀྲུང་དབྱང་གིས་རྒྱབ་སྐྱོར་གནང་བའི་ནགས་དང་། རྩྭ། བརླན་ས། ས་རྒོད་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་སླར་གསོ་དང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོབ་ཀྱི་ཁ་གསབ་སོགས་ལས་གཞན། ནགས་ཤིང་གི་སོན་བཟང་དང་། ས་གནས་ཀྱི་སྡོང་ཕྲུག་གསོ་སྤེལ། རྩྭ་སོན་གསོ་སྤེལ། ཐོན་ཁུངས་བརྟག་དཔྱད། ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་ལག་རྩལ་དཔེ་སྟོན་ཁྱབ་གདལ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱ་རྒྱུ་རེད། རྒྱལ་ཁབ་ཀྱིས་རྨ་ནུབ་དོག་ལམ་ཐཱ་ཁི་ལ་མ་ཀན་བྱེ་ཐང་གི་མུ་འགྲམ་བཀག་འགོག་བྱེད་པའི་བྱ་བ་དོན་འཁྱོལ་ཞིབ་ཚགས་བྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚྭ་འདམ་གཞོང་སའི་བྱེ་འགྱུར་ས་ཆ་བཅོས་སྐྱོང་ཁྱབ་ཁོངས2དེ་ལྟེ་བའི་མཁྲེགས་གཏོར་ཁུལ་དུ་བྱས་ནས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་གྲོང་ཁྱེར་དང་ཁུལ4རུ་བྱེ་འགོག་བྱེ་བཅོས་ཀྱི་མཐུན་སྦྱོར་སྐུལ་འདེད་ས་ཁུལ་བཀོད་སྒྲིག་བྱས་ཏེ། གོང་གསལ་གྱི་ས་ཁོངས་ལ་དམིགས་ཏེ་བྱེ་འགོག་བྱེ་བཅོས་ཀྱི་བྱ་བ་གཅིག་བསྡུས་སྒོས་སྤེལ་རྒྱུ་རེད། སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་གཏོང་བའི་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། ཞིང་ཆེན་རིམ་པའི “བྱང་གསུམ”ཆེད་སྤྱོད་མ་དངུལ་བཙུགས་ནས། ཞིང་ཆེན་རིམ་པའི་དོན་གཅོད་དབང་ཆར་ཤུགས་སྣོན་འོས་འཚམ་བྱས་ཏེ། ས་གནས་ཀྱི་འགྲོ་སྒོའི་འགན་འཁྲི་དེ་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང་བར་གྱི་བསྡུར་ཚད་གསལ་བོ་བྱེད་དགོས། རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་ལས་གཞིའི་ས་གནས་ཀྱི་ཆ་ཚང་སྒྲིག་ཆས་མ་དངུལ་དང་ཞིང་ཆེན་སྲིད་གཞུང་གིས་ལག་བསྟར་ཆོག་མཆན་སྤྲད་པའི་བྱེ་འགོག་བྱེ་བཅོས་རྣམ་གྲངས། དེ་མིན“བྱང་གསུམ”བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱ་རྒྱུར་འགན་སྲུང་བྱེད་པའི་འབྲེལ་ཡོད་འགྲོ་སྒོའི་ཐད་གཙོ་གནད་དུ་སྤྱོད་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注