རྨ་ལྷོའི་རིག་གནས་ཡུལ་སྐོར་བྱ་འགུལ་སྣ37གྱིས་དགུན་དཔྱིད་ཀྱི་ཡུལ་སྐོར་ལ་སྐུལ་འདེད་བཏང་།
ཟླ11པའི་ཚེས20ཉིན། གསར་འགོད་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་བྱ་འགུལ་སྣ37གཅིག་རྗེས་གཉིས་མཐུད་དུ་སྤེལ་རྒྱུ་རེད།
དམངས་སྲོལ་རིགས་ཀྱི་བྱ་འགུལ་ཐད། རྨ་ལྷོ་ཁུལ་གྱིས་རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་གྱི་གཟུགས་འདས་ཤུལ་བཞག་སྡེ་ཁུལ་དུ་བསྐྱོད་པ་དང་། སྐབས་ལྔ་པའི་མི་སྟོང་གི་སྐོར་བྲོ་འགྲན་བསྡུར་ཆེན་མོ། ཐུན་རིན་གྲོང་ཁྱེར་གྱི“ཧོར་རིགས་བུའུ་ཐུའུ”སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་ཞིང་། ས་གནས་མང་ཚོགས་དང་ཡུལ་སྐོར་བས་ས་གནས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་དང་སྲོལ་རྒྱུན་དམངས་སྲོལ་གྱི་དམིགས་བསལ་ཁྱད་ཆོས་ཚོར་ཐུབ་པ་བྱ་རྒྱུ་རེད།
གངས་འཁྱག་ལུས་རྩལ་འགྲན་བསྡུར་དེའང་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་བྱ་འགུལ་གྱི་གཙོ་གནད་ཞིག་ཏུ་གྱུར་ཡོད། རྨ་ལྷོ་ཁུལ་གྱི་མདའ་འཕེན་རྩེར་སོན་འགྲན་བསྡུར་དང་། རྨ་ལྷོ་ཁུལ་འཆམ་མཐུན་གྲོང་གསེབ་ཀྱི་རོང་འབྲོག་པའི་ལྒང་ལི་འགྲན་བསྡུར། རྩེ་ཁོག་རྫོང་གི་སྦེ་གའི་འགྲན་བསྡུར་སོགས་ཀྱི་བྱ་འགུལ་རིམ་བཞིན་སྤེལ་ནས། ལུས་རྩལ་ལ་དགའ་དག་ཟབ་ཞུགས་བྱེད་དུ་འཇུག་རྒྱུ་རེད།
དགུན་དཔྱིད་ཀྱི་དུས་སྐབས་སུ། རྨ་ལྷོ་ཁུལ་གྱི་དུས་ཆེན་དང་རྟེན་འབྲེལ་རིགས་ཀྱི་བྱ་འགུལ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། རྨ་ལྷོ་ཁུལ་གྱི“གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ཞུ”ཞེས་པའི་སྡེ་ཁུལ་གྱི་མཉམ་འབྲེལ་འཁྲབ་སྟོན་བྱ་འགུལ་དང་། “ཚ་ཚ་འུར་འུར་ངང་དཔྱིད་གསར་དུས་ཆེན་བསུ”ཞེས་པའི་རིག་རྩལ་འཁྲབ་སྟོན། ཐུན་རིན་གྲོང་ཁྱེར་གྱི“ལྒང་ཞུའི་གབ་ཚིག་ལ་གབ་ལན་བྱིན་ནས་ལོ་སར་བཅོ་ལྔའི་དུས་ཆེན་རོལ་བ”སོགས་ལྟད་མོ་ཆེ་བའི་བྱ་འགུལ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས། རྒྱ་ཆེའི་ཡུལ་སྐོར་བར་གྲང་ངར་ཆེ་བའི་དུས་ཚིགས་སུ་དྲོད་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་རེད།
ཐེངས་འདིའི་དགུན་དཔྱིད་རིག་གནས་ཡུལ་སྐོར་བྱ་འགུལ་དེ་རྣམ་པ་མང་བ་དང་། ནང་དོན་མང་ལ་ཕུན་སུམ་ཚོགས་པའི་རོལ་རྩེད་བྱ་འགུལ་ཞིག་ཡིན་པས། རྨ་ལྷོ་ཁུལ་གྱི་ཁྱད་པར་བའི་མི་གཞུང་གི་ཡིད་དབང་འཕྲོག་ཤུགས་དང་རང་བྱུང་མཛེས་ལྗོངས་མངོན་ཡོད་ལ། ལྷག་བསམ་རྣམ་དག་གིས་ལས་རིགས་སོ་སོའི་གྲོགས་པོ་རྨ་ལྷོ་ཁུལ་དུ་ཡོང་ནས་སྣ་མང་ཕུན་སུམ་ཚོགས་པ་དང་། གསོན་ཤུགས་ཀྱིས་ཁེངས་པའི་དགུན་དཔྱིད་ཀྱི་དུས་ཚིགས་མཉམ་དུ་རོལ་བར་གདན་འདྲེན་ཞུ་བ་དང་། རྨ་ལྷོ་ཁུལ་གྱི་དགུན་དུས་ཡུལ་སྐོར་ཁྲོམ་ར་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རིག་གནས་ལུས་རྩལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注