བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་ནི་སྔོན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ། ནང་མི་གསུམ་ཀྱིས་བཏེགས་པའི“མི་གསུམ་གྱི་ཤང”ཞིག་ཡིན་པ་དང་། རྒད་པོ་སངས་རྒྱས་ཆོས་དཔལ་དང་། བུ་མོ་སྒྲོལ་དཀར་དང་གཡང་འཛོམས་བཅས་ཀྱིས་དེ་གར་ལོ་བཅུ་ཕྲག་ཁ་ཤས་རིང་འཚོ་སྡོད་བྱས་ནས། རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་།
ད་ལྟ་གསར་འགོད་པ་ཡུལ་སྨད་ཤང་དུ་བསྐྱོད་སྐབས། ཁྱིམ་ཚང་ཚང་མའི་ཡང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད་པ་དང་འགྲོ་འོང་ལས་ལ་བྲེལ་བའི་མི་དང་རླངས་འཁོར་མཐོང་བ་མ་ཟད། མཐའ་མཚམས་གྲོང་ཆུང་དེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་གྲོང་མིའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བའི་གོམ་སྟབས་ཀྱང་མིག་གིས་མཐོང་ཐུབ། དེ་བས། ཡུལ་སྨད་དུ་འཚོ་བའི་རྣམ་པ་གསར་བ་ཞིག་གང་སར་མངོན་ཡོད།
སྐལ་བཟང་སྒྲོལ་མ་ནི་ཡུལ་སྨད་ཤང་ཉེའུ་གླིང་ཐང་གྲོང་ཚོའི་གྲོང་མི་ཞིག་རེད། དག་ཅིང་གཙང་ལ་གྲལ་འགྲིག་པའི་སྒོ་ར་དང་། དྲོ་སྐྱིད་ལྡན་པའི་ཉི་འོད་ཁང་པ། ཡིད་དུ་འོང་བའི་མེ་ཏོག་གི་སྐྱེད་ཚལ་བཅས་ལས་ཁོ་མོའི་ཁྱིམ་ཚང་གི་འཚོ་བའི་བདེ་སྐྱིད་ལྷག་པར་མངོན་ཡོད། “མཐའ་སྲུང་མཐའ་བརྟན་བྱེད་པར་ང་ལ་སྤོབས་སེམས་ཆེན་པོ་སྐྱེ་ཀིན་འདུག ད་ལྟ་ཁྱིམ་གྱི་ཆ་རྐྱེན་ཡང་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད། སྐལ་བཟང་སྒྲོལ་མའི་བུ་མོ་དང་མག་པས་ཡུལ་སྨད་དུ་ལས་ཀ་བྱེད་ཀྱིན་ཡོད།
ལོ38ལ་སླེབས་པའི་བསོད་ནམས་སྒྲོལ་དཀར་ནི་ས་གནས་དེ་གའི་བོད་ལུགས་ཇ་ཁང་ཞིག་གི་སྦྱིན་བདག་རེད། བསོད་ནམས་སྒྲོལ་དཀར་གྱིས“ཇ་ཁང་ནི་ན་ནིང་སྒོ་ཕྱེས་པ་ཡིན། ད་ལོར་ཡང་རླངས་འཁོར་ཁ་ལོ་བའི་ལག་ཁྱེར་སྦྱངས་པ་དང་། རླངས་འཁོར་ཉོས་པ་མ་ཟད། ཚོང་ཟོག་མང་པོ་འདྲེན་པ་དང་ཕྲུ་གུ་སྐྱེལ་བསུ་བཅས་ཚང་མར་ཧ་ཅང་སྟབས་བདེ་པོ་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།
ཇ་ཁང་དུ་ཡོང་མཁན་ནི་ས་གནས་དེ་གའི་གྲོང་མི་ཕུད་ད་དུང་ཡུལ་སྨད་དུ་ཡུལ་སྐོར་བྱེད་མཁན་གྱི་མི་མི་ཉུང་བ་ཞིག་ཡོད་པ་རེད། “ཉེ་བའི་ལོ་གཉིས་རིང་ཡུལ་སྐོར་བ་ཇེ་མང་དུ་སོང་ཡོད། ད་ལོ་ནས་བཟུང་ཡུལ་སྨད་དུ་ཡུལ་སྐོར་ཞག་སྡོད་བྱེད་མཁན1800ལྷག་ཡོད”ཅེས་ཡུལ་སྨད་ཤང་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཞུའེ་མིང་གིས་མཚམས་སྦྱོར་བྱས་པ་དང་། ས་གནས་དེ་གས་གཙོ་གནད་ཐོག་གསར་བརྗེའི་ཡུལ་སྨད་ཡུལ་སྐོར་ལམ་ཐིག་བཏོད་དེ། གྲོང་མིའི་ཡོང་འབབ་སྣ་མང་ཅན་དུ་བསྒྱུར་བ་དང་ཆབས་ཅིག་ཡུལ་སྐོར་བར་མྱོང་ཚོར་དེ་བས་ལེགས་པོ་ཡོང་ཆེད། ཤང་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་ནས། ས་གནས་དེ་གའི་མི་སེར་གྱི་སྡོད་ཁང་མཛེས་བཟོ་བྱེད་རོགས་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ཟླ10པའི་ཚེས14ཉིན་པར་བླངས་པའི་ཡུལ་སྨད་ཤང་གི་བཀོད་པ།
ཁྲུང་ཆིང་ཅང་ཧུའུ་མགྲོན་ཁང་གི་སྦྱིན་བདག་ཧོ་ཉིང་གིས་བཤད་རྒྱུར།“ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་མགྲོན་ཁང་དུ་མགྲོན་པོས་ཁེངས་ཡོད། མདང་དགོང་ངས་ད་དུང་ཁྱིམ་མཚེས་ལ་འགྲུལ་པ་འོས་སྦྱོར་བྱས་པ་ཡིན”ཟེར། 2022ལོར་ཧོ་ཉིང་དང་ཁོང་གི་བཟའ་ཟླ་ཡུལ་སྨད་དུ་ཡོང་ནས་དཀའ་སྤྱད་ཀྱིས་ལས་ལ་འབད་བརྩོན་བྱས་ཏེ། མིག་སྔར་ཡུལ་སྨད་ཤང་གི་མགྲོན་ཁང་ཆེ་ཤོས་ཀྱི་སྦྱིན་བདག་ཏུ་གྱུར་ཡོད། གཞན་ཡང་ད་དུང་ཧུའུ་ནན་དང་སི་ཁྲོན་ནས་ཡོང་བའི་ཚོང་བ་མང་པོ་ཞིག་གིས་ཀྱང་ཡུལ་སྨད་དུ་གཞི་ཚུགས་པ་དང་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཡུལ་སྨད་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་ར་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད།
སངས་རྒྱས་ཆོས་དཔལ་གྱི་སྡོད་གནས་རྙིང་པའི་སྒོ་འགྲམ་དུ། གསར་འགོད་པ་ཧུའུ་པེ་ནས་ཡིན་པའི་ཡུལ་སྐོར་བ་སྐུ་ཞབས་ཝུའེ་དང་འཕྲད་བྱུང་། རྒན་ཡོལ་ཞུས་ཟིན་པའི་ཁོང་གིས་སེམས་འགུལ་ཐེབས་བཞིན་དུ་གསར་འགོད་པར་བཤད་རྒྱུར།“དེ་སྔོན་བརྙན་འཕྲིན་ཐོག་ནས་བགྲེས་སོང་སངས་རྒྱས་ཆོས་དཔལ་གྱིས་བུ་མོ་ཁྲིད་དེ་མཐའ་མཚམས་སྲུང་བའི་བྱས་རྗེས་མཐོང་མྱོང་ཡོད། སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཏེ། ཡུལ་སྨད་ཀྱི་གནས་ཚུལ་ཡང་སྙིང་ག་འདྲ་ཞིག་ཡིན་པ་དངོས་སུ་ལྟ་འདོད་འདུག”ཅེས་བཤད།
ད་ལྟའི་ཡུལ་སྨད་ནི་དེ་སྔའི“མི་གསུམ་གྱི་ཤང”ནས་ཁྱིམ་ཚང67དང་མི250ཡོད་པའི་འབྱོར་འབྲིང་ཤང་ཞིག་ཏུ་གྱུར་ཡོད། མི་དེ་བས་མང་པོ་ཞིག་ཡུལ་སྨད་དུ་ཡོང་བ་དང་ཡུལ་སྨད་དུ་གཞི་ཚུགས་ཡོད། “ཡུལ་སྨད་ཀྱང་ང་ཚོའི་ཁྱིམ་གཞིས་ཡིན”ཞེས་པ་ནི“ཡུལ་སྨད་པ”གསར་པའི་ལྷག་བསམ་ཟོལ་མེད་ཀྱི་སེམས་གཏམ་ཡིན།
1994ལོར་སྐྱེས་པའི་བསྟན་འཛིན་བསམ་གྲུབ་ཀྱིས་ཡུལ་སྨད་དུ་ལོ10ལྷག་གི་རིང་ལ་ལས་ཀ་བསྒྲུབས། “ཐོག་མར་ཤང་གི་ཆུ་ཤུགས་གློག་ཁང་ཆུང་གྲས་སུ་ལས་ཀ་བྱེད་སྐབས་ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་གློག་འདོན་བརྟན་པོ་མེད་པ་དང་། མཚན་མོར་རྟག་ཏུ་གློག་ཤུགས་སྒྲིག་ཆས་ཞིག་གསོ་བྱེད་དགོས། སྐབས་དེར་ང་གཅིག་པུ་ལས་མེད་པ་དང་། ཟ་སྡོད་ཚང་མ་ཆུ་ཤུགས་གློག་ཁང་ནང་དུ་ཡོད”ཅེས་བསྟན་འཛིན་བསམ་གྲུབ་ཀྱིས་བཤད་པ་དང་། ད་ལྟ་ཡུལ་སྨད་ཤང་ལ་གློག་བརྟན་པོ་ཡོད་པ་དང་། ཁོས་ཀྱང་ཡུལ་སྨད་དུ་ཆུང་མ་ཞིག་བླངས་ནས་ཁྱིམ་གཞིས་བཙུགས་ཏེ། ཤང་གི་སྦྲག་སྲིད་མྱུར་སྐྱེལ་པར་གྱུར་ཡོད།
“ད་ལྟ་ཤང་དུ་མྱུར་སྐྱེལ་ཇེ་མང་དུ་འགྲོ་བཞིན་ཡོད་ལ་ངའི་ལས་ཀའི་བརྩོན་སེམས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་བསྟན་འཛིན་བསམ་གྲུབ་ཀྱིས་བཤད།
ཟླ10པའི་ཚེས15ཉིན་པར་བླངས་པའི་ཡུལ་སྨད་ཤང་གི་ཟུར་ཞིག
ལོ34ལ་སླེབས་པའི་ཟླ་བ་གཡུ་སྒྲོན་ནི་ཡུལ་སྨད་ཤང་ཏང་ཨུའི་ཨུ་ཡོན་ཡིན་པ་དང་། ཉིན་རེར་ཁྱིམ་ཚང་ཁག་དང་དུད་ཚང་ཁག་ཏུ་བསྐྱོད་དེ། མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད། ཡུལ་སྨད་ཤང་གི་འགྱུར་ལྡོག་ཁོས་གཅིག་ཀྱང་མ་ལུས་པར་མཐོང་ཡོད། ཟླ་བ་གཡུ་སྒྲོན་གྱིས“ད་ལྟ་འཕྲིན་གཏོང་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ་མ་ཟད། ད་དུང་མི་ལ་ལས་ཁྱིམ་དུ་ཐད་གཏོང་བྱེད་ཀྱིན་ཡོད། ཚོང་ཁང་ནང་ལག་ཐོགས་ཁ་པར་ནས་དངུལ་གཏོང་སྤྲོད་དང་མང་ཚོགས་ཀྱིས་དྲ་ཐོག་ནས་དངོས་ཟོག་ཉོས་ཆོག་པས་ཧ་ཅང་སྟབས་བདེ་པོ་ཡོད”ཅེས་བཤད།
སྔོ་ཚལ་དྲོད་ཁང་ནང་ངལ་རྩོལ་བྱེད་བཞིན་པའི་ཁྲེན་ཀྲི་ཞང་ན་ནིང་སློབ་ཆེན་ཐོན་རྗེས། རང་འགུལ་ངང་ཡུལ་སྨད་ཤང་སྲིད་གཞུང་དུ་ལས་ཀ་བྱེད་པར་བསྐྱོད། མཐོང་རྒྱ་གསར་པ་དང་འཚོལ་ཞིབ་གསར་པ་ལས་ཁོ་རང་འབྱུང་འགྱུར་ལ་རེ་བས་ཁེངས་ཡོད། ཁྲེན་ཀྲི་ཞང་གིས་བཤད་རྒྱུར།“ངས་ཡུལ་སྨད་ཤང་གི་གྲོང་མི་ཚོ་དང་མཉམ་དུ་ཐུན་མོང་ཐོག་ང་ཚོའི་ཁྱིམ་གཞིས་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་ཡུལ་སྐོར་ཁོར་ཡུག་བཏོད་ནས་སྔར་ལས་ཡག་ཤིང་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན”ཟེར།
“གསར་སྐྱེས་སྟོབས་ཤུགས”དེ་བས་མང་པོས་ཡུལ་སྨད་དུ་ནུས་པ་ཆེན་འདོན་གྱིན་ཡོད། ཁོ་ཚོས་ཡུལ་སྨད་འཕེལ་རྒྱས་ཀྱི་འཕར་རྩར་མྱོང་ཚོར་ཟབ་མོ་བྱེད་པའི་དུས་མཚུངས་སུ་མེས་རྒྱལ་གྱི་དགའ་ཞེན་དེ་མཐའ་མཚམས་བརྟན་སྲུང་དང་དར་རྒྱས་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་ནས། མེས་རྒྱལ་མཐའ་མཚམས་ཀྱི་ས་གཞི་དེའི་ཐོག་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བཞིན་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注