མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོའི་རྗེས་དྲན་ཁང་།

2024ལོའི་ཟླ10པའི་ཚེས15ཉིན། ངེས་དོན་གྱི་མཁས་པའི་དབང་པོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་སྐུ་འཁྲུངས་ནས་ལོ་བརྒྱ་དང་བཅུ་འཁོར་བའི་སྐལ་བ་བཟང་པོ་དང་བསྟུན་ནས། ཟུང་ཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་དང་། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། གཞན་ཡང་དམ་པ་ཁོང་གི་དངོས་སློབ་སོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་དང་བརྩེ་བ་རྣམ་དག་གིས་མཐུན་རྐྱེན་གང་ལེགས་བསྐྲུན་པའི་འོག་ཏུ། རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་པོའི་རྗེས་དྲན་ཁང་གནས་སྤོས་ནས་བཞེངས་སྐྲུན་ལེགས་འགྲུབ་བྱུང་བའི་སྒོ་འབྱེད་མཛད་སྒོ་དམ་པ་ཁོང་གི་འཁྲུངས་ཡུལ་གྱི་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ནས་སྤེལ་བ་རེད།

རྔ་བ་ཁུལ་དང་ཟུང་ཆུ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་། དམ་པ་ཁོང་གི་དངོས་སློབ། ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་རྣམས་མཁས་དབང་དམུ་དགེ་བསམ་གཏན་གྱི་འཁྲུངས་ཡུལ་ས་ལ་དགེ་བཅུ་འཛོམས་ཤིང་། རང་བྱུང་བཀོད་པ་ལྷུན་གྱིས་གྲུབ་པའི་གནས་མཆོག་དམུ་དགེ་ས་ཆ་ལ་ཕེབས་ནས་དམ་པ་ཁོང་གི་རྗེས་དྲན་ཁང་གི་སྒོ་འབྱེད་མཛད་སྒོ་ལ་ཞུགས་ཤིང་། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ནས་མུ་མཐུད་དེ་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་བགྲོ་གླེང་སྤེལ་བ་རེད།

རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་རྗེས་དྲན་ཁང་ནི་ཉིས་སྟོང་བཅུ་དྲུག་ལོར་བཞེངས་སྐྲུན་བྱེད་མགོ་བརྩམས་ཤིང་། བསྟུད་མར་ལོ་ངོ་བརྒྱད་ཀྱི་རིང་ལ་དམ་པ་ཁོང་གི་སྐུ་ཚ་བསླབ་གསུམ་རྒྱ་མཚོ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་སྐྱབས་སོགས་ཀྱིས་གཙོ་བྱས་ཏེ་རྗེས་དྲན་ཁང་གི་འཛུགས་སྐྲུན་གྱི་བཀོད་པ་དང་། དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོའི་རིང་གི་གསུང་རྩོམ་གལ་ཆེན་གྱི་མ་ཕྱི། སྐུ་པར་གཙོ་བོ། གཞན་ཡང་སྐུ་ཚེའི་མཛད་རྣམ་གྱི་ཐང་ག་སོགས་རིག་དངོས་རྩ་ཆེན་མང་པོ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ། མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་འཚོགས་པའི་གོ་སྐབས་དང་བསྟུན་ནས་ཡོངས་སུ་བཞེངས་གྲུབ་ལེགས་འགྲུབ་བྱུང་བ་རེད།

རྗེས་དྲན་ཁང་དེའི་ས་ངོས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ390ཡོད་པ་དང་། རྗེས་དྲན་ཁང་གི་སྒོ་འགྲམ་དུ་བརྙན་ལམ་དང་ཡི་གེའི་ཐོག་ནས་མཁས་དབང་ཁོང་གི་མཛད་རྗེས་མཚམས་སྦྱོར་གནང་ཡོད་ལ། དེའི་ནང་དུ་འཛུལ་རྗེས་སྒོའི་གཡོན་ཕྱོགས་སུ་མཁས་དབང་ཁོང་ཞལ་བཞུགས་པའི་སྐབས་ཀྱི་སྐུ་པར་གཙོ་བོ་ཁག་ཅིག་དང་། མཁས་དབང་ཁོང་གི་གསུང་རྩོམ་གལ་ཆེན་སྐོར་ཞིག་གི་མ་ཡིག་འགའ་རེ་བཤམས་ཡོད། རྗེས་དྲན་ཁང་གི་དཀྱིལ་དབུས་སུ་རྒྱུ་ཟངས་ལས་གྲུབ་པའི་དམ་པ་ཁོང་གི་སྐུ་འདྲ་ཆེན་པོ་ཞིག་བཞུགས་ཡོད་པ་དང་། སྐུ་དེའི་གཡོན་ཕྱོགས་སུ་དམ་པ་ཁོང་རྒྱལ་ས་པེ་ཅིན་སོགས་སུ་ཕེབས་སྐབས་དང་ཕྱོགས་སོ་སོ་ནས་རིགས་ཀྱི་སློབ་བུ་གསོ་སྐྱོང་གནང་སྐབས་ཀྱི་སྐུ་པར་གཙོ་བོ་ཁག་ཅིག་དང་། ཁོང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྲིད་ཞུགས་སྲིད་གླེང་གནང་བའི་ཕྱག་བྲིས་གལ་ཆེན་སྐོར་ཞིག་བཞུགས་ཡོད། སྐུ་དེའི་མདུན་ཕྱོགས་སུ་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་གཙོ་བོ་རྣམས་ཐང་གའི་ལམ་ནས་ལེགས་པར་བཞེངས་ཏེ་རིམ་པ་བཞིན་བཤམས་ཡོད། ཐང་གའི་མདུན་གྱི་ཤེལ་སྒྲོམ་ནང་ན་དམ་པ་ཁོང་གི་པར་གཞི་མི་འདྲ་བའི་གསུང་འབུམ་དང་གཟི་བརྗིད་དཔང་ཡིག་སོགས་བཤམས་ཡོད། མདོར་ན་རྗེས་དྲན་ཁང་དེ་ནི་དམ་པ་ཁོང་གི་མཛད་རྗེས་འགྲེམས་སྟོན་ཁུལ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་འགྲེམས་སྟོན་ཁུལ། རིག་གཞུང་གྲུབ་འབྲས་ཀྱི་འགྲེམས་སྟོན་ཁུལ། རིག་གནས་རྒྱུད་འཛིན་གྱི་འགྲེམས་སྟོན་ཁུལ་བཅས་ཁག་བཞི་ཙམ་ལ་དབྱེ་ནས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྗེས་རྣམས་ངེད་ཅག་གི་དྲན་པའི་རྟེན་དང་བསོད་ནམས་ཀྱི་བགོ་སྐལ་དུ་རིམ་པ་བཞིན་ལེགས་པར་བཤམས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号