ཐོ་སྒང་གི་སློབ་མར་མི་ཚེའི་ངོ་མཚར་བསྐྲུན་པའི་གོ་སྐབས་མང་པོ་སྩོལ་བ།
——སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གནས་ཚུལ།
སློབ་གསོ་ནི་མཐོ་སྒང་གི་བྱིས་པ་རྣམས་ཀྱི་འབྱུང་འགྱུར་ལ་བཀྲག་མདངས་སྣོན་པའི་སྒྲོན་མེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་རོགས་རམ་བྱེད་པ་དང་། ལྷག་པར་དུ་མཚོ་རྒྱུད་ས་ཁུལ་གྱིས་ནུབ་རྒྱུད་ས་ཁུལ་ལ་རོགས་རམ་དང་། དར་རྒྱས་ཆེ་བའི་ས་ཁུལ་གྱིས་དར་རྒྱས་བྱུང་མེད་པའི་ས་ཁུལ་ལ་རོགས་རམ་བྱས་ཏེ། ཚང་མས་རང་ཉིད་ཀྱི་ནུས་པ་འདོན་ཡུལ་ཡང་དག་པར་འཚོལ་དགོས། དེའི་ཁྲོད་ཆེས་གལ་ཆེ་བ་ཞིག་ནི་སློབགསོའི་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ་ཡིན་ཏེ། བྱིས་པ་རྣམས་གསོ་སྐྱོང་ཡག་པོ་བྱ་རྒྱུ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད།
དུས་རབས་གསར་པའི་ཚུན་དུ། རང་རྒྱལ་གྱིས་དབུས་ནུབ་རྒྱུད་ཀྱི་སློབ་གསོ་དེ་རྒྱལ་ཡོངས་ཀྱི་སློབ་གསོའི་སྤྱི་ཡོངས་ཀྱི་ཆགས་སྟངས་ཁྲོད་བཞག་ནས་སྔོན་ལ་འཆར་འགོད་ཇུས་འགོད་བྱས་ཏེ། བྱིས་པ་རེ་རེའི་སློབ་གསོ་དང་ལེན་གྱི་དབང་ཆ་འགན་ལེན་བྱས་ཡོད། ཉེ་ཆར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་སྔོན་དུ་བཅར་འདྲི་བྱས་པ་ལས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ལ་སློབ་གསོས་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་དང་། བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་སྟེགས་བུ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས། བྱིས་པ་ཚོའི་འབྱུང་འགྱུར་གྱི་ལམ་བུ་གསལ་བར་བྱས་པ་དང་། མཐོ་སྒང་འབྲོག་ཁུལ་གྱི་སློབ་མ་ཚོར་མི་ཚེའི་ངོ་མཚར་བསྐྲུན་པའི་གོ་སྐབས་སྔར་བས་མང་པོ་བསྩལ་དང་སྩོལ་བཞིན་ཡོད་པ་རེད།
ཡུལ་གཞན་ནས་སློབ་གྲྭ་འགྲིམས་ཏེ་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་མཐོང་བ།
ལད་བཟོའི་ཁ་ལོ་སྒྱུར་ཁང་དུ་གནམ་གྲུར་ཁ་ལོ་བསྒྱུར་བ་དང་ཐག་མཆོང་ལ་བརྟེན་ནས་ཟླ་བའི་གོ་ལར་སྐྱོད་པའི་ཚོར་བ་ཉམས་ལེན་བྱེད་པ་སྟེ། ད་ལོའི་རྒྱལ་སྟོན་གུང་གསེང་གི་སྐབས་སུ། ལུའོ་ཉིང་ཞིང་ཆེན་ཚན་རྩལ་ཁང་གིས་གངས་ལྗོངས་མཐོ་སྒང་ནས་ཡོང་བའི་བྱིས་པ་སྐོར་ཞིག་སྟེ་ཧྲེན་དབྱང་གྲོང་ཁྱེར་ཞང་ཡུས་སློབ་འབྲིང་གི“ཡུལ་གཞན་འཛིནགྲྭའི”སློབ་མ་སྐོར་ཞིག་བསུས་པ་རེད།
ཁོ་ཚོ་མང་ཆེ་བ་ནི་ཐེངས་དང་པོར་མཐོ་སྒང་དང་ཁ་བྲལ་ཞིང་ཐེངས་དང་པོར་ཚན་རྩལ་ཁང་དུ་ཡོང་བ་རེད། སློབ་ཚན་འདིས་ཁོ་ཚོར་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ངེས།
“དངོས་པོ་མང་པོ་ཞིག་སྔོན་ཆད་དཔེ་དེབ་དང་བརྙན་འཕྲིན་ཁོ་ན་ལས་བལྟས་པ་ཙམ་ཡིན།ད་ཐེངས་དངོས་སུ་མཐོང་བ་མ་ཟད་ཉམས་ལེན་ཡང་བྱས་ཐུབ་སོང”ཞེས་ཚན་རྩལ་ཁང་དུ་ལྟ་སྐོར་བྱེད་སྐབས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ནས་ཡོང་བའི་ཀུན་དགའ་དབང་པོས་སེམས་སུ་ཨ་གསར་གྱིས་ཁེངས་ནས་དེ་ལྟར་བཤད། ཁོས“ངས་ཚོད་ལྟའི་འགྲེམས་སྟོན་ལ་བལྟས་པ་དང་ཚན་རྩལ་སློབ་ཁྲིད་ལ་ཉན་པ་མ་ཟད།ད་དུང་ངོ་མཚར་ཆེ་བའི་ལམ་ཚད་ཟིན་འགོད་རླངས་འཁོར་ཡང་མཐོང་བྱུང”ཞེས་བཤད།
ཧྲེན་དབྱང་གྲོང་ཁྱེར་ཞང་ཡུས་སློབ་འབྲིང་གི“ཡུལ་གཞན་འཛིན་གྲྭའི”སློབ་མ་ཚོས་སློབ་ཁྲིད་ལ་ཉན་བཞིན་པ།
2008ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་མངགས་བཅོལ་ལྟར། ཧྲེན་དབྱང་གྲོང་ཁྱེར་ཞང་ཡུས་སློབ་འབྲིང་དུ“ཡུལ་གཞན་འཛིན་གྲྭ”ཞེས་པ་བཙུགས་པ་དང་། མཚོ་སྔོན་མཐོ་སྒང་འབྲོག་ཁུལ་གྱི་བྱིས་པ་ཚོས་མིང་ཐོ་བཀོད་པ་དང་གདམ་གསེས་བྱས་པ་བརྒྱུད། ལུའོ་ཉིང་ཧྲེན་དབྱང་དུ་སྤུས་ལེགས་རྨང་གཞིའི་སློབ་གསོ་དང་ལེན་བྱེད་དུ་བསྐྱོད་ཆོག་པ་རེད།
“མཐོ་སྒང་འབྲོག་ཁུལ་གྱི་སློབ་གསོའི་ཐོན་ཁུངས་ཧ་ཅང་དཀོན་པོ་ཡིན་མོད། འོན་ཀྱང་བྱིས་པ་དང་ཁྱིམ་བདག་ཚོར་སྤུས་ལེགས་སློབ་གསོ་ཐོབ་འདོད་ཧ་ཅང་ཆེ་བ་རེད”ཅེས་ཞང་ཡུས་སློབ་འབྲིང་གི་མི་རིགས་སློབ་གསོའི་ལས་དོན་གྱི་འགན་འཁུར་པ་དགེ་རྒན་ཝང་ཁྲེང་ཧུང་གིས་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་གླེང་བྱུང་།
2010ལོར། ཡུས་ཧྲུའུ་རུ་ས་ཡོམ་བྱུང་ནས་ཡུན་རིང་མ་སོང་བར། ཝང་ཁྲེང་ཧུང་གིས་རུ་སྣེ་འཁྲིད་དེ་མཚོ་སྔོན་དུ“ཡུལ་གཞན་འཛིན་གྲྭའི”འབྲེལ་ཡོད་ལས་དོན་སྐོར་ནས་རྩིས་སྤྲོད་རྩིས་ཞུ་བྱེད་དུ་སོང་། སྐབས་དེར་ས་ཡོམ་བྱུང་རྗེས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པས་མཚན་མོ་སྦྲ་གུར་ནང་ཉལ་དགོས་བྱུང་། ནམ་གུང་ཝང་ཁྲེང་ཧུང་སྦྲ་གུར་ཕྱི་རུ་སོང་ནས་དབུགས་རིང་ཞིག་གཏོང་རྩིས་བྱེད་སྐབས། ཁོས་ནམ་ཡང་བརྗེད་པར་དཀའ་བའི་རྣམ་པ་ཞིག་མཐོང་བ་སྟེ། སྦྲ་གུར་གྱི་ཕྱི་རོལ་དུ་སློབ་མའི་ཁྱིམ་བདག་ཁ་ཤས་ལངས་ནས་བསྡད་ཡོད་པ་དང་། ཁོ་ཚོས“རྒན་ཝང་ལགས།ད་དུང་ཡོམ་འཕྲོ་བརྒྱབ་ཡོང་སྙམ་ནས་ང་ཚོས་རེས་སྐོར་ཏེ་འདི་གར་ཁྱེད་ལ་སྐོར་ཞིབ་བྱས་ནས་གཉིད་སྐྱིད་པོ་ཞིག་ཁུག་ཏུ་འཇུག་བསམ་པ་ཡིན”ཞེས་བཤད།
“ཁྱིམ་བདག་གིས་དགེ་རྒན་ལ་དེ་ལྟར་བརྩི་འཇོག་བྱས་པ་དེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ཝང་ཁྲེང་ཧུང་གིས་བཤད།
“ཡུལ་གཞན་འཛིན་གྲྭས”བྱིས་པ་རྣམས་ལ་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་མཐོང་དུ་བཅུག ད་ལོ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་དང་མགོ་ལོག་ཁུལ་གྱི་སློབ་མ466ཞང་ཡུས་སློབ་འབྲིང་དུ་སླེབས།
“རང་རྟོན”ཞེས་པ་ནི་ལོ་ན16ལ་སོན་པའི་ཀུན་དགའ་དབང་པོ་སློབ་གྲྭ་འདིར་ཡོང་བའི་ཐོབ་བྱ་ཆེ་ཤོས་དེ་རེད།
ཀུན་དགའ་དབང་པོས་ལུའོ་ཉིང་ཞིང་ཆེན་ཚན་རིག་ལག་རྩལ་ཁང་དུ་ལྟ་སྐོར་བྱེད་པ།
འཛིན་གྲྭའི་ཀྲུའུ་རེན་ཝེ་ཡུས་ཆི་ཡིས་ཀུན་དགའ་དབང་པོའི་དབྱིན་ཡིག་གི་འབྲི་དེབ་ལ་ལྟ་ཞོར“སྐར་མ30དང་སྐར་མ50ནས་ད་ལྟ་སྐར་མ་བརྒྱ་ལེན་ཐུབ་པ་སྟེ། ཀུན་དགའ་དབང་པོར་ཤེས་བྱ་ཐོབ་པ་ཙམ་མ་ཡིན་པར། རང་ལ་ཡིད་ཆེས་ཀྱིས་ཁེངས་པ་དང་སྤྲོ་སྣང་དང་ལྡན་པ་ཞིག་ཏུའང་གྱུར་ཡོད”ཅེས་དགའ་སྤྲོའི་ངང་བཤད།
ཞང་ཡུས་སློབ་འབྲིང་གི་ལག་བསྟར་སློབ་གཙོ་ཧན་ཏན་གྱིས་ཕྱིར་དྲན་བྱས་དོན།ལོ་ངོ་བཅུ་ལྷག་གི་ཡར་སྔོན་མཐོ་སྒང་གི་སློབ་མ་སྐོར་དང་པོ་ཧྲེན་དབྱང་དུ་ཡོང་སྐབས། ཁོ་ཚོ་ངོ་སྙིང་ཆུང་བ་མ་ཟད་མགོ་བོ་སྒུར་ནས་འགྲོ་བ་རེད། ད་ལྟ་བྱིས་པ་ཚོ་མདུན་དུ་བརྒྱུགས་ཡོང་ནས་རང་རློམ་དང་བཅས“དགེ་རྒན་བཟང་།”ཞེས་ཁམས་བདེ་ཞུ་ངེས།
མཇུག་སྒྲིལ་མ་ཐག་པའི་ཞང་ཡུས་སློབ་འབྲིང་གི་ལུས་རྩལ་འགྲན་ཚོགས་སྟེང་། ཀུན་དགའ་དབང་པོས“འཛིན་གྲྭར་གཟི་བརྗིད་བརྩོན་ལེན་བྱེད་པའི”བསམ་འདུན་བཅངས་ནས་མིང་ཐོ་བཀོད་པ་མ་ཟད། སྨི་བརྒྱའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བླངས་པ་དང་། ཁོས་ད་དུང་སློབ་ཁྲིད་གྲོལ་རྗེས་ལྒང་ལི་ར་བར་གསར་དུ་ངོ་ཤེས་པའི་བྱང་ཤར་གྱི་སློབ་གྲོགས་ཚོ་དང་མཉམ་དུ་སྤོ་ལོ་རྩེད་ཀྱིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ངེས་པར་དུ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་ཕུགས་བསམ་དང་དད་སེམས།བརྩེ་སེམས།རིག་གནས་བཅས་ཐད་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་ལྟ་རྟོག་དང་བརྩེ་སེམས་ཟབ་ཏུ་གཏོང་དགོས།
ཉེ་བའི་ལོ་འགར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་གཞན་དུ་འཛིན་གྲྭ་གཉེར་བ་དེ་ཞིང་ཆེན་དང་གྲོང་ཁྱེར0ལྷག་གི་སློབ་གྲྭ20ལྷག་ཙམ་དང་འབྲེལ་ཞིང་། ད་ལྟའི་བར་སློབ་མ་ཁྲི་ཡན་གསོ་སྐྱོང་བྱས་ཡོད་པ་རེད།
ཧན་ཏན་གྱིས“སློབ་གསོ་ལས་བྱིས་པ་ཚོ་རི་ཁྲོད་དང་རྩྭ་ཐང་ལ་བྲལ་དུ་བཅུག་པ་ནི་མི་རིགས་མཉམ་འདྲེས་ཀྱི‘སྦྲེལ་ཟམ’ལྟ་བུ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོས་བཤད་ཅིང་། ཁོས་ད་དུང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་བྱིས་པ་ཚོས་མཉམ་དུ་སློབ་སྦྱོང་དང་འཚོ་བ་རོལ་ཏེ། ཤེས་བྱ་ཐོབ་པའི་མཚུངས་སུ་མཛའ་བརྩེ་ཡང་ཐོབ་ཡོད་ཅེས་བཤད།
ད་ལྟའི་བར་དུ་མཚོ་སྔོན་གྱི་སློབ་མ3000ལྷག་གིས་ཞང་ཡུས་སློབ་འབྲིང་དུ་སྤུས་ལེགས་སློབ་གསོ་དང་ལེན་བྱས་པ་རེད། སློབ་གྲྭའི་ཚོགས་ཁང་དུ་བཀལ་བའི་གོས་དར་ཞིག་གིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག དེ་ནི2008ལོ་ནས2023ལོ་བར་གྱི་སློབ་ཐོན་སློབ་མ་ཡོངས་ཀྱིས་མཉམ་དུ་ཕུལ་བ་ཞིག་ཡིན་ལ། གོས་དར་སྟེང“མི་ལོ་བཅོ་ལྔར་མཐོ་སྒང་ཡུལ་ལ་འཇོན་མི་གསོ་སྐྱོང་གནང་།། གང་དུ་ཕྱིན་ཀྱང་ཞང་ཡུས་སློབ་དཔོན་བཀའ་དྲིན་ཡིད་ལ་དྲན།།”ཞེས་བྲིས་ཡོད་པ་རེད།
“ཡུལ་གཞན་སློབ་གྲྭས”“ཕལ་བའི་ཕུགས་འདུན”མངོན་འགྱུར་བྱུང་།
“ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པ”ཞེས་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་མཐོ་གསུམ་འཛིན་གྲྭ་དང་པོའི་སློབ་མ་ཡེ་ཤིས་ཚེ་རིང་གི་སྒྲོག་རྩེ་སྟེང་ཁོའི་མཐོ་རྒྱུགས་ཀྱི་འདུན་པ་བྲིས་འདུག
མགོ་ལོག་ཁུལ་དགའ་བདེ་རྫོང་འཁྱིལ་འབྲི་ཞང་ནས་ཡོང་བའི་ཡེ་ཤིས་ཚེ་རིང་གིས་སློབ་ཆེན་ལ་རྒྱུགས་འཕྲོད་པ་ནི་འདུན་པ་ཆེན་པོ་ཞིག་ཏུ་བརྩིས་འདུག
མགོ་ལོག་ཁུལ་ནི་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དུ་ཆགས་པ་དང་། ཆ་སྙོམས་ཀྱི་ས་བབ་ཀྱི་མཐོ་ཚད་ལ་སྨི4200ལས་བརྒལ་བས། ཕུལ་བྱུང་དགེ་རྒན་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་སྐབས་ཤིག་ལ་ཅུང་དཀོན་པོ་བྱུང་བ་རེད།
2010ལོར་ཧྲང་ཧའེ་ཡིས་མགོ་ལོག་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མགོ་བརྩམས། ཡུན་རིང་འཚོལ་ཞིབ་བྱས་པ་བརྒྱུད་ས་གནས་གཉིས་ཀྱིས་ས་བབ་ཅུང་དམའ་བ་དང་རྨང་གཞིའི་ཆ་རྐྱེན་དེ་བས་ལེགས་པའི་ཟི་ལིང་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་ཞིག་བསྐྲུན་རྒྱུའི་གཏན་འབེབས་བྱས་པས། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དེ་ལྟར་ཧྲང་ཧའེ་གྲོང་ཁྱེར་དང་མགོ་ལོག་ཁུལ་གྱིས་མཐོ་སྒང་འབྲོག་ཁུལ་གྱི་སློབ་མ་ཚོར་བཏོད་པའི“ཡུལ་གཞན་སློབ་གྲྭར”གྱུར།
དེ་དང་ཆབས་ཅིག་ཧྲང་ཧའེ་ཡིས་མཚོ་སྐྱོར་ཤེས་ལྡན་མི་སྣ7བདམས་ནས་སློབ་གྲྭ་དེར་རོགས་སྐྱོར་བྱེད་དུ་མངགས་པ་མ་ཟད། རྒྱལ་ཡོངས་ནས་ཕུལ་བྱུང་དགེ་རྒན་ཡང་བསྡུས་པ་རེད།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གྲྭའི་ཟུར་ཞིག
“སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་། སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པར་གྱུར་ལ། བྱིས་པ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་ཀྱང་མགྱོགས་མྱུར་ངང་མཐོ་རུ་ཕྱིན་ཡོད”ཅེས་ཧྲང་ཧའེ་ནས་ཡོང་བ་དང་མཚོ་སྔོན་དུ་ལོ་གཉིས་ཙམ་རིང་ལས་ཀ་གཉེར་བའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་ཡིས་དེ་ལྟར་བཤད། སློབ་གྲྭ་དེ2019ལོར་བཙུགས་པ་དང2022ལོར་ཁག་དང་པོའི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མ་དངོས་གཞིའི་ཚན་ཁག་ལ་ཞུགས་ཚད68%ཟིན་ཏེ་མགོ་ལོག་ས་ཁུལ་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། “2023ལོར་སློབ་གྲྭའི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མའི་དངོས་གཞིའི་ཚན་ཁག་ལ་ཞུགས་ཚད70%ལས་བརྒལ་བ་རེད”
སློབ་གྲྭའི་ནང་སློབ་ཁང་ཚང་མར་སྒྲ་གཟུགས་དང་ལུས་རྩལ།མཛེས་རིས་སོགས་ཀྱི་ཆེད་ལས་དགེ་རྒན་ཡོད་པ་མ་ཟད། ད་དུང་རོལ་དབྱངས་ཚོགས་པ་དང་འཕྲུལ་མི། ཡིག་གཟུགས་སོགས་སློབ་མའི་ཚོགས་པ་བཙུགས་ཡོད།
སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ནི་སློབ་ཁྲིད་ཁོ་ན་ཙམ་ལས་འགོངས་ཡོད་དེ། ཡེ་ཤེས་ཚེ་རིང་གིས་སློབ་གྲྭས་ད་དུང་ཕུན་སུམ་ཚོགས་པའི་སློབ་ཕྱིའི་ལག་ལེན་བྱ་འགུལ་སྒྲིག་འཛུགས་བྱེད་པས། “ང་ཚོར་ད་དུང་ཅང་སུའུ་དང་ཧྲང་ཧའེ་སོགས་གྲོང་ཁྱེར་ཆེན་མོར་ཞིབ་འཇུག་དང་སློབ་སྦྱོང་སྤེལ་རེས་ལ་འགྲོ་བའི་གོ་སྐབས་ཀྱང་ཡོད”ཅེས་བཤད།
ད་ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་རྟོག་ཞིབ་གནང་སྐབས་གསུང་རྒྱུར། ཧྲང་ཧའེ་ཡིས་རོགས་སྐྲུན་བྱས་པའི་སློབ་འབྲིང་འདིས་མགོ་ལོག་འབྲོག་ཁུལ་ནས་ཡོང་བའི་མི་རིགས་ཁག་གི་བྱིས་པ་གསོ་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་དོན་སྙིང་གཏིང་ཟབ་ལྡན་ཡོད། རེ་བར་བྱིས་པ་ཚོས་འདི་གའི་མཐུན་རྐྱེན་བཟང་པོར་གཅེས་འཛིན་ལྡབ་འགྱུར་དང་དྲིན་གཟོའི་བསམ་པ་བཅངས་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་།སྤྱོད་ཤེས་ལུས་གསུམ་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་དང་འཛུགས་སྐྲུན་པ་བྱ་རྒྱུའི་སེམས་ཐག་གཅོད་པ་དང་།རང་ཉིད་ཀྱི་མི་ཚེ་ལ་ངོ་མཚར་བསྐྲུན་པའི་གོ་སྐབས་བརྩོན་ལེན་བྱེད་དགོས།
ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའམ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཁྲང་ཐུའུ་ཡིས་སློབ་ཁྲིད་ལ་ཟུར་ཉན་བྱེད་བཞིན་པ།
ཁྲང་ཐུའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལས་ཚང་མར་སློབ་སྦྱོང་ཧུར་ཐག་དང་འཇོན་ཐང་ཡག་པོ་སྦྱངས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་འདོན་རྒྱུའི་སྐུལ་ལྕག་ཐེབས་ཡོད”ཅེས་བཤད།
ད་ལྟ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་གཉེར་ཉམས་མྱོང་འདྲ་བཟོ་དང་ཁྱབ་གདལ་གཏོང་བཞིན་པའི་སྒང་རེད། ཟི་ལིང་ཉེ་འཁོར་གྱི་མཚོ་སྔོན་མཚོ་ཤར་གྲོང་ཁྱེར་དང་ཅང་སུའུ། ཧྲང་ཧའེ། མཚོ་སྔོན་བཅས་ས་ཁུལ་གསུམ་གྱིས་ལག་གདང་སྦྲེལ་ནས་བཏོད་པའི“ཡུལ་གཞན་སློབ་གྲྭ”སྟེ་མགོ་ལོག་མཚོ་ཤར་སློབ་འབྲིང་དེ་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་པའི་སྒང་རེད།
མགོ་ལོག་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་འཇིགས་མེད་བསྟན་འཛིན་གྱིས་ངོ་སྤྲོད་བྱས་དོན། སློབ་གྲྭ་དེར་སྔོན་དཔག་བྱས་ན་སློབ་མ3000ཤོང་སྲིད་པ་དང་། དེ་ནི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་ལྡབ3ལྷག་ཙམ་ཡིན་ལ། སློབ་གྲྭ་དེ་གཉིས་ཀྱིས་སླད་ཕྱིན་མགོ་ལོག་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་སློབ་ཁྲིད་མི་གྲངས་ཀྱི་ཕྱེད་ཀ་ཡན་དང་དམའ་རིམ་སློབ་འབྲིང་གི་སློབ་ཁྲིད་མི་གྲངས་ཀྱི་ལྔ་ཆའི་གཅིག་ཟིན་རྒྱུ་ཡིན་པ་རེད།
“དང་བླངས་དགེ་རྒན”གྱིས་རི་ཀླུང་ཀུན་ལ་རེ་བ་བསྩལ།
བརྒྱ་ཆའི་ཆ2.9འཕར་བ་སྟེ། འདི་ནི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ད་ལོའི་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་རིམ་འཕར་ཚད་ཡིན་ལ། ན་ནིང་དང་བསྡུར་ན་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་ཡོད་པ་རེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་གྱི་འབད་བརྩོན་འོག་ཟླ་ངོ3གྱི་དུས་ཡུན་ནང་སློབ་གྲྭའི་སློབ་གསོའི་ཐོན་ཁུངས་ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
དགེ་རྒན་ནི་སློབ་གྲྭའི་ཆེས་རྩ་ཆེ་བའི་རྒྱུ་ནོར་ཡིན།
ད་ལོའི་ཟླ2པའི་ཟླ་མཇུག་ཏུ་ལོ55ལ་སླེབས་པའི་ཧྲང་ཧའེ་གྲོང་ཁྱེར་ལུའུ་ཞུན་སློབ་འབྲིང་གི་རྩིས་རིག་སློབ་དཔྱོད་ཚན་ཆུང་གི་ཚན་གཙོ་ལུའོ་ཐེན་ཧྭ་ཡིས་ཧྲང་ཧའེ་ཡི་དགེ་རྒན11དང་མཉམ་དུ་མཚོ་སྔོན་དུ“ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ། མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི“རྩིས་རིག་རིག་ཚན་ལས་དོན་ཁང”གི་འགན་འཁུར་པ་ཞིག་ཡིན་པའི་ཆ་ནས། སློབ་ཚན་དང་པོ་འཚོགས་རྗེས་ལུའོ་ཐེན་ཧྭ་ལ་མྱོང་ཚོར་གཉིས་བྱུང་བ་སྟེ།བྱིས་པ་ཚོ་ཧ་ཅང་ནན་ཏན་ཡིན་ཡང་རྨང་གཞི་ཞན་པ་དང་། སློབ་སྦྱོང་ལ་འབད་སེམས་ཡོད་ཀྱང་བསམ་བློ་གཏོང་བ་དང་དྲི་བ་འདོན་པར་མི་མཁས་པ་དེ་རེད།
ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་སྟེ་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ལུའོ་ཐེན་ཧྭ་ཡིས་སློབ་མའི་དྲི་བར་ལན་འདེབས་བཞིན་པ།
དེ་བས། ལུའོ་ཐེན་ཧྭ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དགེ་རྒན་གཞན་དག་གིས་ཞིབ་བསྡུར་ཞིབ་ཕྲ་བྱས་ནས་སློབ་གྲྭ་དེ་གའི་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་ཁྲིད་ཀྱི་རིགས་ལམ་ལེགས་སྒྲིག་བྱས་པ་སྟེ། བྱིས་པའི་སློབ་སྦྱོང་གི་སྒུལ་ཤུགས་དང་ཡིད་ཆེས་ཆེ་རུ་གཏོང་རྒྱུ་ཕྱོགས་སྟོན་དུ་བྱས་ནས་སློབ་སྦྱོང་ཆུ་ཚད་ཀྱི་གདེང་འཇོག་མ་ལག་བསྐྱར་དུ་བསྐྲུན་པ་སོགས་རེད།
སློབ་ཁྲིད་ཀྱི་ཐབས་ཇུས་ལེགས་སྒྲིག་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ། སློབ་གསེང་དུ་བྱིས་པ་མི་ཉུང་བ་ཞིག་གིས་སྦྱོང་ཚན་འབྲི་དེབ་པང་དུ་བཟུང་ཞིང་དགེ་རྒན་ལ་སྐོར་བ་བརྒྱབ་སྟེ་འདྲི་ཚིག་འདྲི་བཞིན་འདུག མགོ་ལོག་མི་རིགས་མཐོ་རིམ་སློབ་འབྲིང་རྩིས་རིག་སློབ་དཔྱོད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་ཚེ་བརྟན་གྱིས“རྣམ་པ་འདི་འདྲ་སྔོན་ཆད་ཧ་ལམ་མཐོང་རྒྱུ་མེད། ཕྲུ་གུ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཀྱང་རབ་ཏུ་འཕེལ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། མི་ཞིག་དགེ་རྒན་ཡག་པོ་ཞིག་ལ་འཕྲད་པ་ནི་མི་ཚེའི་བསོད་ནམས་ཆེན་པོ་ཡིན་པ་དང་།སློབ་གྲྭ་ཞིག་ལ་དགེ་རྒན་ཡག་པོ་ཡོད་པ་ནི་སློབ་གྲྭ་དེའི་གཟི་བརྗིད་ཡིན་ལ། མི་རིགས་ཤིག་ལ་དགེ་རྒན་ཡག་པོ་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་ནི་མི་རིགས་དེའི་རེ་བ་ཡིན།
ཧྲང་ཧའེ་ཡི་མཚོ་སྐྱོར་སྐད་ཡིག་དགེ་རྒན་ཅང་ཧུང་ཝུའུ་ཡིས“ཐོག་མར་འདིར་སླེབས་སྐབས་མགོ་ན་བ་དང་། ད་ལྟ་ཡང་གཉིད་ཡག་པོ་ཞིག་མི་ཁུགས་མོད། བྱིས་པ་ཚོའི་སྦྱངས་འབྲས་ལེགས་སུ་ཕྱིན་པ་མཐོང་སྐབས་ང་ལ་སྒུལ་ཤུགས་ཆེན་པོ་འདུག”ཅེས་བཤད།
ཧྲང་ཧའེ་ཡི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པའམ་མགོ་ལོག་ཁུལ་རྟ་བོ་མི་རིགས་སློབ་འབྲིང་གི་དགེ་རྒན་ཅང་ཧུང་ཝུའུ་ཡིས་སློབ་ཁྲིད་བྱེད་བཞིན་པ།
ཅང་ཧུང་ཝུའུ་ཡིས་ད་དུང་མགོ་ལོག་ཁུལ་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་འབྲིང་གསུམ་གྱི་རྒྱ་ཡིག་དགེ་རྒན6དང་མཉམ་དུ་སློབ་དཔྱོད་ཚོགས་པ་བཙུགས་ནས་ཐོན་ཁུངས་མཉམ་སྤྱོད་དང་མཉམ་དུ་ཡར་ཐོན་ཡོང་བར་འབད་ཀྱིན་ཡོད། ཅང་ཧུང་ཝུའུ་ཡིས“ཡུལ་འདིའི་དགེ་རྒན་ལ་ལས་སྒོ་མཐོ་རུ་གཏོང་བའི་དགོས་མཁོ་ཡོད་ཚེ་ང་ཚོས་ཕྱོགས་སོ་སོའི་ཐོན་ཁུངས་སྐུལ་སློང་བྱས་ཏེ་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ཡིན”ཞེས་བཤད། མོས་ད་ལོ་མགོ་ལོག་ཁུལ་རྟ་བོ་མི་རིགས་སློབ་འབྲིང་གི་དགེ་རྒན་འཐུས་མིའི་སྣེ་ཁྲིད་དེ་ཧྲང་ཧའེ་རུ་སློབ་དཔྱོད་བྱ་འགུལ་སྤེལ་ཏེ་སློབ་དཔྱོད་ཀྱི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱ་རྒྱུ་རེད།
གཅིག་རྒྱུན་གཅིག་གིས་བསྐྱངས་ནས་འབད་བརྩོན་བྱས་ན་མཐར་ཐུག་འབྲས་བུ་གཡུར་དུ་ཟ་བ་ཐོབ་ངེས་རེད།
2010ལོ་ནས་བཟུང་ཧྲང་ཧའེ་དང་པེ་ཅིན། ཅང་སུའུ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་སློབ་གསོ་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། སྔ་རྗེས་སུ་དགེ་རྒན2000ཙམ་མཚོ་སྔོན་དུ་སློབ་གསོར་རྒྱབ་སྐྱོར་བྱེད་པར་མངགས་པ་དང་། སློབ་ཁྲིད་དོ་དམ་དང་སློབ་དཔྱོད། དགེ་རྒན་རྐང་འཛིན་པ་བཅས8000ལྷག་ཙམ་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་བྱ་གཞག་ལ་ཤེས་ལྡན་མི་སྣ་དང་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ནས་མཐོ་སྒང་འབྲོག་ཁུལ་གྱི་བྱིས་པ་རྣམས་ལ་མཛེས་སྡུག་ལྡན་པའི་ཕུགས་འདུན་ཞིག་མངོན་པར་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注