གཞུང་ལམ་དྲ་བ་ཕྱོགས་བཞིར་འཐེན། ལྷ་སའི་འཕོ་འགྱུར་ཨེ་མ་རྨད།

1954ལོའི་ཟླ12པའི་ཚེས25ཉིན། ཁྲོན་བོད་དང་མཚོ་བོད་གཞུང་ལམ་གཉིས་ཐང་དཀར་རྒོད་པོས་ནམ་འཕང་བཅད་པ་དང་ཅང་ཤེས་རྟ་ཕོས་གཡང་གཟར་བརྒལ་བ་ལྟར་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་ཡོད། ཉིན་དེར། ཕོ་བྲང་པོ་ཏ་ལའི་མདུན་དུ་མི་རིགས་ཁག་གི་སྤུན་ཟླ་ཁྲི་ཕྲག་གིས་གླུ་ལེན་གར་འཁྲབ་བྱས་ཏེ་ལམ་སྐྲུན་དཔའ་བོ་རྣམས་ལ་དཀར་གཙང་མཇལ་དར་བསྒྲོན།

ད་ལོ་ལོ77ལ་སླེབས་པའི་སྟོབས་རྒྱལ་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་སྐབས་དེའི་གནས་ཚུལ་སྐོར་གླེང་།

ཟླ་བ8པའི་ཟླ་འགོར་གནས་ཚུལ་སྤེལ་གཏོང་ཚོགས་ཆུང་དང་བཅས་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བསྐྱོད་དེ་ལྷ་ས་གྲོང་ཁྱེར་གྱི་འཕོ་འགྱུར་གྱི་དཔང་པོ་དང་འགྲིམ་འགྲུལ་འཛུགས་སྐྲུན་ནང་ཞུགས་མཁན་ལས་བྱེད་པ་རྒན་གྲས་ལ་ཆེད་མངགས་བཅར་འདྲི་ཞུས་པ་ཡིན།

ཁུལ་ཆུང་དུ་སྐྱོད་སྐབས་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་སྟར་པ་མང་པོ་གྲལ་འགྲིག་པོས་གནས་པ་དང་མཐའ་འཁོར་དུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ལ་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་བཞིན་འདུག བགྲེས་སོང་སྟོབས་རྒྱལ་གྱིས་སྒོ་འགྲམ་དུ་ང་ཚོ་བསུ་བར་སླེབས་བྱུང་། བགྲེས་སོང་ཁོང་ཐང་ཤ་དོད་ཅིང་ལུས་ཤ་ཅུང་རིད་པ་དང་། དབུ་སྐྲ་དཀར་ལ་འོག་འཇུག་དཀར་པོ་གཙང་མ་ཞིག་གྱོན་འདུག རྒན་ཡོལ་ཞུ་སྐབས་ཁོང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་རེད།

བགྲེས་སོང་གིས་ང་ཚོ་ཚོམས་ཆེན་ནང་ཁྲིད་སྐབས་གྱང་ངོས་སུ་ལྷ་སའི་གྲོང་ཁུལ་གྱི་པར་གསར་རྙིང་གཉིས་བཀལ་ཡོད་པ་དེ་གཉིས་ལས་བསྡུར་བ་མངོན་གསལ་དོད་པོ་ཞིག་བྱེད་ཐུབ་ཀྱི་འདུག བགྲེས་སོང་སྟོབས་རྒྱལ་གྱིས“པར་གསར་པ་དེ་ནི2000ལོའི་རྗེས་སུ་བརྒྱབ་པའི་ལྟེ་བའི་གྲོང་ཁུལ་ཡིན་པས་ད་ཆ་དང་ཁྱད་པར་ཆེན་པོ་མེད་མོད། འོན་ཀྱང་པར་རྙིང་པ་དེ་དང་བསྡུར་ན་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དང་འགྲིམ་འགྲུལ་གྱི་གནས་ཚུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད་ཆོག”ཅེས་བཤད།

“ལོ70ཡི་གོང་། ལྷ་ས་གྲོང་ཁྱེར་ནི་ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་མཐའ་འཁོར་གྱི་བར་སྐོར་ཙམ་ཡིན་པ་དང་། ད་ཆ་ང་རང་སྡོད་ས་ནི་སྐབས་དེ་དུས་ཀྱི་གྲོང་འདབས་རེད”ཅེས་བགྲེས་སོང་སྟོབས་རྒྱལ་གྱི་ཕྱིར་དྲན་ལས་ང་ཚོས་སྐབས་དེའི་ལྷ་སའི་རྣམ་པ་དངོས་སུ་མཐོང་བ་ལྟར་བྱུང་།

“ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དེས་བོད་ལ་དེང་རབས་ཀྱི་དོན་སྙིང་ལྡན་པའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། བོད་དང་མེས་རྒྱལ་གྱི་ས་གནས་ཁག་དབར་འབྲེལ་གཏུག་བྱེད་པའི“གསེར་ཟམ”བསྐྲུན་ནས་འབྲུ་རིགས་དང་། ས་བོན། རྫས་ལུད། བཟོ་ལས་སྒྲིག་ཆས། ཉེར་མཁོའི་བརྒྱ་ཟོག་སོགས་དངོས་ཟོག་རྒྱུན་ཆད་མེད་པར་གངས་ལྗོངས་ས་མཐོར་དབོར་ཡོད།

1964ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་སྟོབས་རྒྱལ་ལོ17ཡིན་ཞིང་། སྐབས་དེ་དུས་ལྷ་སར་གྲོང་ཁུལ་གྱི་སྣུམ་ནག་གཞུང་ལམ་དང་པོ་སྟེ། ད་ལྟའི་གཡུ་ཐོག་ལམ་བསྐྲུན་འགོ་ཚུགས་པ་དང་སྟོབས་རྒྱལ་ལམ་བཟོ་བ་ཞིག་རེད།

སྐབས་དེ་དུས་ལྷ་སའི་ཁྲོམ་གཞུང་གཙོ་བོ་ནི་བར་སྐོར་ཁྲོམ་གཞུང་དང་བར་སྐོར་ཁྲོམ་གཞུང་གི་མཐའ་འཁོར་དུ་བསྐྲུན་པའི་སྲང་ལམ་འགའ་ཤས་ཡིན་པ་ལས་གྲོང་ཁྱེར་ཧྲིལ་པོར་ངོ་དྲག་པའི་གཞུང་ལམ་གཅིག་ཀྱང་མེད།

གཡུ་ཐོག་ལམ་ལ་སྨི་བརྒྱ་ཕྲག་ཁ་ཤས་ལས་མེད་རུང་ཡག་པོ་བཟོ་དགོས་ཚེ་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་དེ་སྔ་ལས་ཇེ་མང་དུ་སོང་མོད། འོན་ཀྱང་ལམ་བཟོ་བར་སྔར་བཞིན་འཕྲུལ་ཆས་དང་སྒྲིག་ཆས་ཧ་ཅང་དཀོན་པོ་ཡོད།

“ལམ་གནོན་འཕྲུལ་འཁོར་མེད་པས་ང་ཚོས་ལྕགས་ཤོག་གིས་ལྟེབ་སྒྲིལ་བཟོས་ནས་དེའི་ནང་ཨར་འདམ་བླུགས་ཏེ་མིས་འཐེན་གྱི་ཡོད”སྟོབས་རྒྱལ་གྱིས“ཆ་རྐྱེན་དཀའ་ཚེགས་ཆེ་ཡང་ཉིན་གླ་སྒོར1དང་སྒོར་ཟུར2ཡིན་པ་མ་ཟད། ཟླ་རེར་ད་དུང་རྩམ་པ་རྒྱ་མ14ཡི་ཁ་གསབ་འཕར་མ་སྤྲོད་ཀྱི་ཡོད། གྲོང་མི་ཨུ་ལྷན་གྱིས་སྐུལ་སློང་བྱས་ཚེ་འཛུགས་སྐྲུན་ནང་ཞུགས་མཁན་གྲོང་མིའི་ཧུར་བརྩོན་ཧ་ཅང་ཆེན་པོ་ཡོད”ཅེས་བཤད།

གཡུ་ཐོག་ལམ་ནི་ལྷ་ས་གྲོང་ཁྱེར་གྱི་འགྲོ་ལམ་འཛུགས་སྐྲུན་གྱི་འགོ་འཛུགས་ས་ཡིན་ལ་ལྷ་སའི་གྲོང་མིས་དེང་རབས་གྲོང་ཁྱེར་གྱི་རྣམ་པ་མྱོང་རོལ་བྱེད་འགོ་འཛུགས་ས་ཞིག་ཀྱང་རེད།

1972ལོར། ལས་ཁུངས་ཀྱིས་སྟོབས་རྒྱལ་ཁྲུང་ཆིང་འཛུགས་སྐྲུན་སློབ་གླིང(ད་ཆའི་ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན་ཡིན)དུ་སློབ་སྦྱོང་བྱེད་པར་བཏང་བ་རེད།

ཁོང་ཐོག་མར་བཅིངས་འགྲོལ་རྟགས་ཅན་གྱི་ལྗིད་ཐེག་རླངས་འཁོར་ལ་བསྡད་དེ་བོད་ནས་རྡོག་ཐོན་གྱིས་མཚོ་བོད་གཞུང་ལམ་བརྒྱུད་ཟི་ལིང་དུ་འབྱོར་བ་དང་དེ་ནས་པའོ་ཅི་བར་བསྐྱོད་མཐར་སློབ་གྲྭར་འབྱོར། རི་མཐོ་ཞིང་ལམ་ཐག་རིང་ལ་ལམ་བར་དུ་དཀའ་ཚེགས་ཆེ་རུང་སྟོབས་རྒྱལ་གྱིས“སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པར་བྱས་ཏེ་ཕ་ཡུལ་ལ་དྲིན་ལན་འཇལ་འདོད་ཀྱི་བསམ་པ་ཁོ་ནས་དཀའ་ལས་ཁག་པའི་སྣང་བ་མ་བྱུང”ཞེས་བཤད།

སློབ་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་རྗེས་སྟོབས་རྒྱལ་གྱིས་སྔ་རྗེས་སུ་འཁོར་ཁང་གི་ཀྲུའུ་རེན་དང་ཁྲང་ཀྲང་བྱས་པ་མ་ཟད། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། རྒྱལ་ཁབ་ས་ཆ་ཅུས། འགྲིམ་འགྲུལ་ཅུས་སོགས་ཚན་པར་ལས་ཀ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལས་དོན་མང་པོའི་ནང་ཞུགས་ཡོད།

“སྣུམ་ནག་གཞུང་ལམ་དང་པོ”གཡུ་ཐོག་ལམ་ནས་བོད་སྐྱོར་གྱི་བརྩེ་སེམས་ཟབ་པའི་པེ་ཅིང་ལམ་དང་ཅང་སུའུ་ལམ་བར་དང་། བཅིངས་འགྲོལ་ལམ་ནས་རྔ་ཆེན་ཟམ་ཆེན་དང་སྣེའུ་ཟམ་ཆེན་བར། སྐྱིད་ཉམས་ཧ་ཅང་དོད་པའི་སྡེ་ཁུལ་གྱི་སྲང་ལམ་ནས་གྲོང་ཁྱེར་གྱི་གཞུང་ལམ་ཨ་མ་དང་སྦྲེལ་བའི་གྲོང་སྐོར་ལམ་ཆེན་བར་བཅས་ཕྱོགས་གང་སར་འགྲིམ་འགྲུལ་འཕེལ་རྒྱས་ཀྱིས་གྲོང་ཁྱེར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། གྲོང་ཁྱེར་འཕེལ་རྒྱས་ལས་འགྲིམ་འགྲུལ་རིམ་སྤོར་མགྱོགས་སུ་ཕྱིན་ཏེ་མཐར་ཕན་པ་ཐོབ་མཁན་ཚང་མ་གྲོང་ཁྱེར་དུ་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཡིན་པ་ཚོར་ཐུབ་ཀྱི་འདུག

ད་ཆའི་ལྷ་སར་ལམ་ཆེན་ཤར་གཏོང་ཐུབ་པ་དང་ཟམ་པ་བསྣོལ་མར་སྦྲེལ་ནས་ཤར་ནས་ནུབ་བར་གྱི་གྲོང་སྐོར་ལམ་གྱིས་གྲོང་ཁྱེར་འཕེལ་རྒྱས་ཀྱི་འགྲིམ་འགྲུལ་གྱི་དཀའ་གནད་བསལ་ནས་རྒྱལ་ལམ109དང་། རྒྱལ་ལམ318 རྒྱལ་ལམ561 ལྷ་ཉིང་རིམ་མཐོའི་གཞུང་ལམ། S5ལྷ་ས་ནས་ལྷོ་ཁ་བར་གྱི་མྱུར་བགྲོད་ལམ་བཅས་སྦྲེལ་མཐུད་ཐུབ་ཡོད། གྲོང་སྐོར་ལམ་གྱིས་ལྷ་ས་ལྟེ་བར་བྱས་པའི“ཆུ་ཚོད3གྱི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་འཁོར་རྒྱ”དང་ལྷ་ས་གྲོང་ཁུལ་སྐོར་བར་མགྱོགས་ཤོས་སུ་ཆུ་ཚོད2ཀྱང་མི་འགོར་བའི“ཆུ་ཚོད2ཀྱི་དཔལ་འབྱོར་འཁོར་རྒྱ”བསྐྲུན་རྒྱུའི་རྨང་གཞི་བཏིང་བས་ལྷ་ས་གྲོང་ཁུལ་སྐོར་བའི“ཤར་ནུབ་སྦྲེལ་མཐུད་དང་ཕྱོགས་བཞིར་ཤར་བགྲོད་ཐུབ་པའི”གྲོང་ཁྱེར་སྐོར་ལམ་གྱི་འགྲིམ་འགྲུལ་མ་ལག་གྲུབ་ནས་གྲོང་ཁྱེར་གྱི་ནུས་པའི་ཁུལ་ཚང་མ་སྦྲེལ་མཐུད་ཐུབ་ཡོད།

ད་ལོའི་ལྷ་སའི་ཞོ་སྟོན་རིང་བགྲེས་སོང་སྟོབས་རྒྱལ་གྱིས་ནང་མི་དང་མཉམ་དུ་རྒྱལ་ལམ318ཐོག་སྒེར་འཁོར་བཏང་ནས་བསྐྱོད། ཁོད་སྙོམས་ལ་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་སྐབས་ལམ་རྒྱུད་མང་ཚོགས་ཀྱི་འབྱོར་ཕྱུག་ལྡན་པའི་འཚོ་བ་དང་བདེ་སྐྱིད་ཁམས་བཟང་དངོས་སུ་མིག་མཐོང་ལག་ཟིན་བྱུང་བ་དང་རི་སྔོན་ཆུ་དྭངས་དང་རླུང་འཇམ་ཉི་དྲོའི་རྣམ་པ་ཉམས་སུ་མྱོང་ཐུབ་པ་བྱུང་ཞིང་། སྟོབས་རྒྱལ་གྱིས“སྔོན་ཆད་ངས་རྟག་ཏུ་རྣམ་པ་འདི་ལྟ་བུ་ཡོང་རེ་བྱེད་ལ་ད་ཆ་རང་ཉིད་བདེ་སྐྱིད་ཕུན་སུམ་ཚོགས་པའི་རྣམ་པའི་ཁྲོད་འཚོ་བ་སྐྱེལ་རྒྱུ་བྱུང་སོང”ཞེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号