བོད་ཀྱི་སློབ་མའི་གསར་གཏོད་གཉིས་ལ་རྒྱལ་ཁབ་ཀྱི་བྱ་དགའ་ཐོབ།

ཉེ་ཆར། 2023ལོ་ནས2024ལོའི་བར་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་ཆེན་གྱི་ཀྲུང་གོའི་ཁུལ་གྱི་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་དེ་ཀྲེན་ཀྲོའུ་རུ་མཇུག་འགྲིལ་བ་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སློབ་ཆུང་དང་པོའི་གེ་སར་འབད་འཐབ་གསར་གཏོད་ཚོགས་ཆུང་གི་རང་འགུལ་འདེགས་འཇལ་ཕྱེ་བརྫི་ཕྱེ་བསྙལ་གཞོང་པ་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཁུལ་སློབ་ཆུང་གཉིས་པའི་གངས་ལྗོངས་ཚན་རྩལ་ཕུགས་འདུན་གསར་གཏོད་ཚོགས་ཆུང་གི་ཁོར་སྲུང་རྣམ་པའི་དུག་སྦྲང་གསོད་པའི་སྒྲིག་ཆས་གསར་གཏོད་གཉིས་ལ་དངུལ་གྱི་རྟགས་མ་ཐོབ་འདུག

ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་ཁྲོད་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་རང་སྐྱོང་ལྗོངས་བཅས28དང་། ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ནས་ཡོང་བའི་འགྲན་ཞུགས་པ་དང་། དེ་བཞིན་ཧ་སག་སི་ཐན་དང་། ལྷོ་ཁོ་རེ་ཡ། དབྱི་ཐ་ལི། ཨ་རི། ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཡོང་བའི་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་བཅས་ཁྱོན་མི5000ལྷག་ཙམ་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེན་མོ་དེས་ཚན་རྩལ་གསར་གཏོད་ཀྱིས་འབྱུང་འགྱུར་ལ་བློ་སྒོ་འབྱེད་ཅེས་པ་བརྗོད་བྱ་གཙོ་བོར་བྱས་ནས། སྤྱི་ཕན་གྱི་བརྗོད་བྱ་གཙོ་བོ་དང་དེ་བཞིན་སྐུལ་འདེད་རང་བཞིན་གྱི་དྲི་བ15གཏན་འཁེལ་བྱས་ཡོད་པ་རེད། འགྲན་བསྡུར་ནང་ཞུགས་མཁན་སློབ་མ་རྣམས་ཀྱིས་སྤྱི་ཕན་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་དེ་དག་ལ་དམིགས་ནས་ངོ་མཚར་ཆེ་བའི་གསར་གཏོད་བརྩམས་ཆོས་སྣ་ཚོགས་ཁྱེར་ཡོད། དེ་དག་ཁྲོད་མིས་བཟོས་རིག་ནུས་དང་། ཁོར་སྲུང་ཚན་རྩལ། ལྗང་མདོག་ནུས་རྒྱུ། ཆ་འཕྲིན་ལག་རྩལ་སོགས་མདུན་གྲལ་ཁྱབ་ཁོངས་མང་པོ་ཚུད་ཡོད།

གོ་ལ་ཧྲིལ་པོའི་གསར་གཏོད་ཚོགས་ཆེན་གྱི་ཀྲུང་གོའི་ཁུལ་གྱི་འགྲན་བསྡུར་བྱེད་སྒོ་དེ2022ལོར་སློབ་གསོ་པུའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་ཕྱོགས་པའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་མིང་ཐོའི་ནང་བདམས་ཐོན་བྱུང་ཚུན། རིམ་བཞིན་རྒྱལ་ནང་གི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་སྤེལ་རེས་འགྲེམས་སྟོན་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་ཀྱི་ཕུགས་འདུན་འབྲེལ་མཐུད་དང་སྤེལ་རེས་འགྲེམས་སྟོན་གྱི་འབྲེལ་ཟམ་གལ་ཆེན་ཞིག་ལ་གྱུར་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号