མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་དཔེ་སྟོན་ཞིང་ཆེན་གཏོད་བཞིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་སུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་ལྡན་པ་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དཔེ་མཚོན་གཏོད་དགོས་ཞེས་ནན་སྟོན་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་སུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་སྐྲུན་བཞིན་པའི་ཞིང་ཆེན་ཉག་གཅིག་དེ་ཡིན་པའི་ཆ་ནས་མཚོ་སྔོན་གྱིས“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”སྲུང་བའི་ལས་འགན་ལྗིད་མོ་ཕྲག་ཏུ་མཐའ་གཅིག་ཏུ་འཁུར་བ་དང་། ལམ་ལུགས་རང་བཞིན་གསར་སྐྲུན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་བརྒྱུད་དེ་རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་སུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་མུས་ཡིན་པ་རེད།

སྤྱི་ཟླ7པའི་ཟླ་སྟོད་དུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་སྐྱོབ་བཅོས་རྟེན་གཞིའི་ལས་སྒྲུབ་པས་ཁྱུ་ལས་བྲལ་བའི་གནའ་ཕྲུག་ཅིག་གི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་ཡོད། རྟེན་གཞི་དེ་ནི་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་ནང་བཙུགས་པའི་རི་སྐྱེས་སྲོག་ཆགས་ཀྱི་སྐྱོབ་བཅོས་རྟེན་གཞི་དང་པོ་དེ་ཡིན། ལས་སྒྲུབ་པ་ཞུས་ཧྥེང་དབྱིས། དེ་སྔ་རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་བར་ཐག་ལ་སྤྱི་ལེ་བརྒྱ་ཕྲག་ཆོད་པའི་ཟི་ལིང་དུ་སྐྱོབ་བཅོས་བྱེད་པར་སྐྱེལ་དགོས་ཀྱི་ཡོད། ད་ལྟ་འདི་གར་རོགས་སྐྱོབ་རྟེན་གཞི་བཙུགས་ཡོད་པས། སྐྱོབ་བཅོས་ཀྱི་ལས་ཕྱོད་ལྡབ་ཀྱིས་མཐོ་རུ་ཕྱིན་ཡོད། ང་ཚོའི་རྟེན་གཞིའི་གནས་ཡུལ་དེ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དུ་བཙུགས་ཡོད་ཅིང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་ནང་གི་ཐེམ་ཆེན་དང་འཇུ་ལག མདོ་ལ་བཅས་ཀྱི་རི་སྐྱེས་སྲོག་ཆགས་མང་པོ་དུས་ཐོག་ཏུ་སྐྱོབ་བཅོས་རྟེན་གཞིར་སྐྱེལ་ཐུབ་ཀྱིན་འདུག ང་ཚོའི་རྟེན་གཞིར་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པའི་བྱེད་ནུས་འཛོམས་རྐྱེན་ཚན་རིག་ཞིབ་འཇུག་དང་རྨང་གཞིའི་གཞི་གྲངས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དེ་ནི་ཚན་རྩལ་གྱི་ཀ་རྟེན་དང་དོ་དམ་བྱ་ཐབས་གསར་སྐྲུན་བྱེད་པ་དང་ཁ་འབྲལ་ཐབས་མེད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ས་ཁོངས་སུ་མི་མེད་གནམ་གྲུ་རེ་རེ་དང་ལག་ཁྱེར་ཁ་པར་རེ་རེ་ནི་མཐའ་སྣེ་རེ་རེ་ཡིན། བདག་སྐྱོང་པ1200ཡིས་ནང་འཇུག་བྱས་པའི་རིགས་ཁག་གི་གཞི་གྲངས་རེ་རེ་མཉམ་བསྡུས་བྱས་རྗེས་རྒྱལ་ཁབ་སྤྱི་གླིང་གི་ཞིབ་ཕྲའི་གནས་ཚུལ་ལ་ཤེས་རྟོགས་ཐུབ་རྒྱུ་སྔར་བས་སྟབས་བདེ་རུ་ཕྱིན་ཡོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལིའུ་ཧོང་རོང་གི་བདག་སྐྱོང་བ་ཁྲེང་གོ་ཀྲེ་ཡིས། ད་ལྟ་རླངས་འཁོར་དང་སྐོར་གཡེང་མཐའ་སྣེ་ལ་སོགས་པའི་སྒྲིག་ཆས་ཆ་ཚང་པོ་ཡོད་པ་དང་། ཕྱིར་སྐྱོད་སྐབས་ད་དུང་ཐད་འཕུར་གནམ་གྲུ་ཡང་ཡོད་པས། ཐག་ཉེ་ས་ནས་པར་དང་བརྙན་སོགས་ལེན་ཆོག་གི་ཡོད། མཚམས་རེར་ད་དུང་གསའ་གཟིག་ལ་སོགས་པའི་མཐོང་དཀོན་པའི་སྲོག་ཆགས་ཀྱང་པར་ལེན་ཐུབ་ནས་རྒྱལ་ཁབ་གཞི་གྲངས་མོའི་མཛོད་དུ་ནང་འཇུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་སུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་ནང་། མཚོ་སྔོན་གྱིས་རྒྱུན་མཐུད་འཚོལ་ཞིབ་དང་ལག་ལེན་བསྟར་བས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད།

རང་རྒྱལ་གྱི་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་རྒྱལ་ཁབ་སྤྱི་གླིང་ཡིན་པའི་ཆ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་གཞི་གཅིག་ཏུ་འདུས་པའི་དོ་དམ་སྲུང་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་ཐོག བྱེད་ནུས་བསྐྱར་སྒྲིག་དང་ལེགས་སྒྱུར་བསྐྱར་སྒྲིག་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་མཚོན་རྟགས་གཅིག་དེར་མགོ་མཇུག་བར་གསུམ་དུ་དོ་དམ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་མགོ་ཁུངས་ས་ཆར་སྤྱི་ཡོངས་ནས་སྲུང་སྐྱོབ་དང་མ་ལག་གི་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། ད་ལྟ། གཙང་གསུམ་ཆུ་མགོར་མཚོ་དང་མཚེའུ་སྟོང་ཕྲག་མང་པོ་ས་གཞི་མཛེས་པའི་བརྒྱན་དུ་གྱུར་བ་དང་། གཙོད་ཀྱི་གྲངས་འབོར་ཡང་མགོ་གྲངས་ཁྲི་བདུན་ལྷག་བར་སླར་གསོ་བྱུང་ཡོད།

མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་མཚོ་ཆེ་ཤོས་དེ་ཡིན། སྤྱི་ལོ2022ལོར་མཚོ་སྔོན་པོར་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་སྤེལ་ཡོད། ལོ་གཉིས་ལྷག་ཙམ་རིང་། ཉ་དང་འདབ་ཆགས་མཉམ་དུ་ཅི་དགར་རོལ་བ་དེ་ནི་མཚོ་སྔོན་པོའི་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པའི་གྲུབ་འབྲས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་བ་དང་། མཚོ་སྔོན་པོའི་འདབ་ཆགས་སྣ་ཚོགས་འབུམ་དྲུག་ལྷག་ཙམ་ཟིན་ཡོད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཚན་རྩལ་མཉམ་ལས་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས། རྒྱལ་ཁབ་སྤྱི་གླིང་གཏོད་རིང་། མཚོ་སྔོན་པོའི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་རྒྱུ་ནི་ལས་འགན་གཙོ་བོ་ཞིག་རེད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་དང་མཚོ་སྔོན་པོ་སྐོར་བའི་ཁུལ་གསུམ་དང་རྫོང་བཞི་ཡི་ས་ཆ་ཆ་ཤས་མཉམ་འགུལ་བྱས་པ་དང་། “དོ་དམ་ཅུས་དང་དོ་དམ་ཡན་ལག་ཅུས། དོ་དམ་སྲུང་སྐྱོབ་ས་ཚིགས”བཅས་ཀྱི་རིམ་པ་གསུམ་གྱི་རྩ་འཛུགས་ལས་ཁུངས་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ས་གནས་སྲིད་གཞུང་དང་མཉམ་འབྲེལ་བྱས་ཏེ་རྒྱུན་གཏན་ཅན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོབ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཕྱོགས་བསྡུས་དོ་དམ་ནུས་པ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་ཡོད་ཅེས་གསུངས་པ་རེད།

《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གིས་གཙོ་གཟུགས་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》སྒྲིག་བཟོ་བྱེད་པ་ནས་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་སྐྲུན་ཇུས་གཞི་སོགས་ལམ་ལུགས་དང་བྱ་ཐབས་ཁག་བཅུ་ལྷག་ཙམ་བཏོན་པའི་བར་དང་། དེ་ནས་གསའ་དང་གཙོད་སོགས་རྩ་ཆེའི་སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕིང་ཀུའེ་ཡིས། སྤྱི་ལོ2019ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་མགོ་བཙུགས་པ་ནས་བཟུང་། ང་ཚོས་རང་བྱུང་སྲུང་སྐྱོབ་བྱ་ཡུལ་ཇེ་ལེགས་སུ་གཏོང་བ་དང་། དོ་དམ་སྒྲིག་སྲོལ་གསར་དུ་གཏོད་པ། མ་དངུལ་འགན་ལེན་ལམ་སྲོལ་འཛུགས་པ། ཚན་རིག་དང་མཐུན་པའི་དོ་དམ་ལ་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་ཐབས་འཚོལ་ཞིབ་བཅས་ཕྱོགས་ལྔ་ལ་དམིགས་ནས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་བས། རྒྱལ་ཁབ་སྤྱི་གླིང་གཙོ་གཟུགས་སུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་རགས་ཙམ་བཙུགས་ཟིན་པ་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号