མཚོ་སྔོན་གྱིས་སྒོར་དུང་ཕྱུར1.5བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལ་འགན་སྲུང་བྱས།

ཟླ8པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་འབྱོར་བའི་གཏམ་བཟང་ལྟར་ན། ཧུར་ཐག་སྒོས་ནོར་སྲིད་ཀྱི་སྤྱི་ཚོགས་འགན་བཅོལ་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ནས་མ་དངུལ་གྱི“དམངས་འཚོར་འགན་སྲུང་དང་མཐའ་ཚད་སྲུང་བའི”ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.5བཀོད་སྒྲིག་བྱས་ནས། ནུས་ཤུགས་ཡོད་རྒུས་ས་གནས་སོ་སོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་དུས་ཐོག་ཏུ་གྲངས་འབོར་ཆ་ཚང་ངང་འགྲེམ་གཏོང་བྱ་རྒྱུར་འགན་ལེན་བྱས།

རྒྱུས་ལོན་པ་ལྟར་ན། ཁ་གསབ་མ་དངུལ་དེ་གཙོ་བོ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་རྨང་གཞིའི་རྒན་གསོའི་དངུལ་དང་དུར་འཇུག་གྲོན་དངུལ་གྱི་ཐོབ་ཐང་སྤྲོད་རྒྱུ་དང་། མི་སྒེར་གྱི་གྲོན་དངུལ་ལ་རིམ་པ་དབྱེ་ནས་ཁ་གསབ་སྤྲོད་རྒྱུ། དེ་བཞིན་དབང་པོ་སྐྱོན་ཅན་དང་མ་མཐའི་འཚོ་བའི་འགན་ལེན། དམིགས་བསལ་དཀའ་ངལ་སོགས་དཀའ་ངལ་ཡོད་པའི་མི་སྣར་རྒན་གསོའི་འགན་བཅོལ་གྲོན་དངུལ་ཚབ་འཇལ་རྒྱུ་བཅས་རེད། ཁ་གསབ་མ་དངུལ་སྤྲད་པ་དེས་དཔལ་འབྱོར་བརྟན་བརླིང་ཡོང་བ་དང་དམངས་འཚོར་འགན་སྲུང་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། སྔར་ལས་ལྷག་པར་གྲོང་ཁྱེར་དང་རྫོང་ས་ཁུལ་གྱི་རྒན་གསོའི་འགན་བཅོལ་ཐེབས་རྩའི་གཅིག་གྱུར་འཆར་འགོད་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་།“བགྲེས་པོར་འཚོ་རྟེན་ཡོད་པར”འགན་སྲུང་བྱེད་ཐུབ།

ད་ལོ་ནས་བཟུང་ཞིང་ཆེན་ནོར་སྲིད་ཐིང་གིས་ཧུར་ཐག་སྒོས་ཀྲུང་དབྱང་གི་ཆེད་དོན་རྣམ་གྲངས་རེ་ཞུ་བྱས་པ་དང་། ཞིང་ཆེན་རིམ་པའི་ཆ་སྡེབ་མ་དངུལ་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཐབས་ལམ་མང་པོའི་སྟེང་མ་དངུལ་གྲབས་གསོག་བྱས་པ་དང་། བསྡོམས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར12.8སྤྲད་དེ། འགན་བཅོལ་ནང་ཞུགས་པའི་བགྲེས་པོའི་གཞི་རྩའི་འཚོ་བར་འགན་ལེན་བྱས་པ་དང་དུས་མཚུངས་སུ། སྔར་ལས་ལྷག་པར་མཉམ་གཅིག་ཏུ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས། རྒན་གསོའི་འགན་བཅོལ་གྱིས་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་གཏོང་བའི་རིན་ཐང་དམིགས་ཚད་མངོན་པ་རེད། རྒན་གསོའི་འགན་བཅོལ་ཐེབས་རྩའི་དོ་དམ་ལ་ཤུགས་བསྣན་ནས་ཐེབས་རྩའི་རིན་ཐང་བརྟན་སྲུང་དང་ཡར་འཕར་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་ད་དུང《མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཞིང་ཆེན་རིམ་པའི་དོ་དམ་བྱ་ཐབས》འགྲེམ་སྤེལ་བྱས་པ་མ་ཟད། ཐེབས་རྩའི་མངགས་བཅོལ་དངུལ་གཏོང་བྱ་བ་མུ་མཐུད་དུ་སྤེལ་ནས་ཐེབས་རྩ་བདེ་འཇགས་དང་ནུས་ཆེ། རྒྱུན་མཐུད་བཅས་ཀྱི་འཁོར་སྐྱོད་འགན་ལེན་བྱས་པ་རེད། རྗེས་མར་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མ་དངུལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐེབས་རྩ་དོ་དམ་ཡག་པོ་བྱས་ཏེ་གཅིག་གྱུར་འཆར་འགོད་ཀྱིས་ས་ཁུལ་སོ་སོར་ནོར་སྲིད་ཁ་གསབ་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མ་དངུལ་དུས་ཐོག་ཏུ་གཏོང་སྤྲོད་གནད་ལ་འཁེལ་བ་དང་། གྲོན་དངུལ་སྤྲོད་པའི་ཁ་གསབ་དོན་ཐོག་ཏུ་འཁྱོལ་བ། འགན་བཅོལ་ནང་ཞུགས་པའི་ཐོབ་ཐང་གནད་ལ་འཁེལ་བ་བཅས་ཡོང་བར་བྱ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号