རྨ་ཆུའི་གེ་སར་རྟ་རྒྱུག་སྐབས་བཅོ་ལྔ་བ་མགོ་བརྩམས།

སྟོན་ཟླ་མགོ་མ་ཚེས་བྱུང་། །ནོར་ལུག་ཤ་ཤེད་རྒྱས་སོང་། །རྨ་གླིང་ཀུན་སྨོན་ཡུལ་དུ། །རྟ་རྒྱུག་དགའ་སྟོན་སྤེལ་སོང་། ། 

མི་རིགས་ཀྱི་ལུས་རྩལ་སྙིང་སྟོབས་དར་སྤེལ་དང་། གེ་སར་རིག་གནས་ཀྱི་ནང་སྙིང་སྔོག་འདོན་དང་རྒྱུན་འཛིན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་དང་བརྗེ་རེས་རྒྱ་བསྐྱེད་པ། གནམ་འོག་གི་རྨ་ཁུག་དང་པོ་དང་ཀྲུང་གོའི་རྟ་རྒྱུག་གི་ཕ་ས་སོགས་རིག་གནས་ཡུལ་སྐོར་གྱི་མིང་གྲགས་ཇེ་རྒྱས་སུ་གཏོང་ཆེད་ཟླ8པའི་ཚེས13ཉིན། ཀྲུང་གོའི་དགེ་བཅུའི་ཀན་ལྷོ་ཤམ་བྷ་ལའི་རྨ་ཆུའི་གེ་སར་རྟ་རྒྱུག་སྐབས་བཅོ་ལྔ་བ་རྨ་ཆུའི་རྟ་རྒྱུག་ར་བ་རུ་གཟབ་རྒྱས་ངང་མགོ་བརྩམས།

རྨ་ཆུ་རྫོང་ལ་གནའ་སྔ་མོ་ནས་རྟ་རྒྱུག་འགྲན་ཚོགས་བསྡུ་བའི་སྲོལ་རྒྱུན་ཡོད་ཅིང་། 2008ལོར་རྒྱལ་ཁབ་ལུས་རྩལ་ཅུའུ་ཡིས་ཀྲུང་གོའི་རྟ་རྒྱུག་གི་ཕ་ས་ཞེས་པའི་མཚན་སྙན་བསྩལ། ད་བར་རྨ་ཆུ་རྫོང་གིས་གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས་བཅུ་བཞི་བསྒྲུབས་པ་དང་། དེ་ཉིད་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་གཞི་ཁྱོན་ཆེས་ཆེ་ཞིང་བྱ་དགའི་དངུལ་གྲངས་ཆེས་མཐོ་བ། འགྲན་ཞུགས་རྒྱུག་རྟ་ཆེས་མང་བའི་རྟ་རྒྱུག་འགྲན་ཚོགས་ཤིག་ཡིན་ལ། རྩྭ་ཐང་སྟེང་གི་ཨོ་རྩལ་འགྲན་ཚོགས་ཞེས་པའི་བསྔགས་བརྗོད་ཐོབ་ཡོད།
       རྒྱུས་ལོན་པ་ལྟར་ན། ད་ལོར་འགྲན་སྡུར་དུ་ཞུགས་མཁན་ལ་ཀེའུ་ཀྲུའུ་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན་བཅས་ལྗོངས་ཞིང་ལྔའི་འགྲན་ཞུགས་རུ་ཁག38ཀྱི་རྒྱུག་རྟ870ཡོད་པ་དང་། རྨ་རྒྱུད་རྟ་མཆོག་ཁོ་ནའི་སྲོལ་རྒྱུན་གྱི་འགྲན་སྡུར་རྣམ་གྲངས་དང་རྟ་རྒྱུད་ལ་ཚད་བཀག་མེད་པའི་ཆེད་ལས་ཀྱི་འགྲན་སྡུར་རྣམ་གྲངས་གཉིས་ཕྱེས་ཏེ་ཚེས13ནས17ཉིན་བར་དུས་ཡུན་ཉིན་ལྔ་ལ་འགྲན་རྒྱུ་རེད། བྱ་དགའི་སྡོམ་གྲངས་སྒོར་ཁྲི196དང་། དེའི་ཁྲོད་སྲོལ་རྒྱུན་རྟ་མཆོག་གི་སྨི་ཁྲི་གཅིག་གི་འགྲན་སྡུར་གྱི་བྱ་དགའི་དངུལ་གྲངས་སྒོར་ཁྲི25ལ་སླེབས་ཡོད།

མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས་རྨ་ཆུའི་སྐྱ་དམག་རུ་ཁག་དང་། རྟ་རྩལ་འཁྲབ་སྟོན་རུ་ཁག ལྗོངས་ཞིང་ལྔའི་འཐུས་ཚབ་རུ་ཁག་བཅས་རིམ་པ་བཞིན་ཚོགས་རའི་ནང་བསྐྱོད་དེ་ཡུལ་དངོས་ལྟད་མོ་བའི་ཀུ་འབོད་དང་དགའ་བ་འབུམ་གྱི་བསུ་མ་ཉམས་སུ་མྱངས།

རྟ་རྒྱབ་ནས་འཚར་ལོངས་བྱུང་བའི་མི་རིགས་འདིའི་སྐྱ་རྩལ་སྣ་དགུའི་ཉམས་འགྱུར་མངོན་པའི་རྟ་རྩལ་འཁྲབ་སྟོན་གྱིས་རིག་རྩལ་འཁྲབ་སྟོན་གྱི་དབུ་འཕར་ཕྱེས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་དང་སྟོབས་དང་གསོན་ཤུགས་ཀྱི་ཉམས་འགྱུར་ངོམ་པའི་ཞབས་བྲོ། ཨ་མདོའི་རྡུང་ལེན་གྱི་ཕ་སའི་གཟི་བརྗིད་ངོམ་པའི་སྒྲ་སྙན་རྡུང་ལེན་སོགས་ཀྱིས་ཡུལ་དངོས་ལྟད་མོ་བར་མིག་གི་དགའ་སྟོན་དང་སེམས་ཀྱི་རྒྱགས་ཕྱེ། རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་སོང་ངོ་། །

གེ་སར་རྟ་རྒྱུག་འགྲན་ཚོགས་ནི་རྨ་ཆུ་རྫོངས་ཡོངས་ཀྱི་མི་དམངས་ཀྱི་རིག་གནས་དང་ལུས་རྩལ་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ལུས་རྩལ་སྙིང་སྟོབས་དར་སྤེལ་དང་། རྫོང་ཁོངས་དཔལ་འབྱོར་ལ་སྐུལ་ཁྲིད། རྨ་ཆུའི་ཉམས་འགྱུར་ངོམ་སྟངས་ཤིག་དེ་བས་ཀྱང་ཡིན་པས། ས་གནས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་མ་ཟད། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ནུས་པ་གལ་ཆེན་འདོན་ཐུབ་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་རྨ་ཆུའི་འགན་འཁྲི་རང་འགུལ་ངང་འདེགས་པ་དང་། རྨ་ཆུའི་ཁུར་སེམས་ཕྱི་ལ་ངོམ་པ། རྨ་ཆུའི་སྟོབས་ཤུགས་འབུལ་བ་བཅས་ལའང་ནུས་པ་གལ་ཆེན་འདོན་ཐུབ།

རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་བ་དང་བསྟུན་ནས་ཆེད་ལས་ཀྱི་སྨི༢༠༠༠ཅན་གྱི་འདེམ་རྒྱུག་འགྲན་སྡུར་གྱིས་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་སྡུར་སྐབས་བཅོ་ལྔ་བའི་དབུ་སྒོ་ཕྱེས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号