རྒྱལ་སྤྱིའི་ཁྲོམ་རར་ཕྱོགས་པའི་རྒྱལ་རྩེའི་སྣམ་གོས།

འདི་ལོ་ནི་བོད་སྐྱོར་ལས་དོན་སྤེལ་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཞིག་ཡིན་པས་བོད་སྐྱོར་ལས་བྱེད་པ་ཚོའི་ལོ་ངོ་སུམ་ཅུའི་དཀའ་སྤྱད་འབད་བརྩོན་ལས་བོད་སྐྱོར་གྱི་བྱ་གཞག་ཀུན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་མང་དག་ཅིག་ཐོབ་ཡོད།

མི་རིང་བའི་གོང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་རྒྱང་མཁར་གྲོང་ཚོའི་ཨ་ཅག་སྐལ་བཟང་ཞིང་པའི་སྣམ་བུའི་ཆེད་ལས་མཉམ་ལས་ཁང་གིས་བོད་སྐྱོར་བྱས་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་སྐབས་གལ་ཆེན་བསུས་ཡོད་དེ། དེ་ཡང་མཉམ་ལས་ཁང་དེར་བོད་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག་སྲོལ་རྒྱུན་གྱི་ལག་ཤེས་འཐག་ལས་བཟོ་ཁང་ཆུང་གྲས་ཤིག་ནས་ཐོན་སྐྱེད་དང་། ཕྱིར་ཚོང་། འགྲེམས་སྟོན་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་མཉམ་ལས་ཁང་ཞིག་ཏུ་འཕེལ་རྒྱས་ཕྱིན་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་བོད་སྐྱོར་ལས་དོན་རུ་ཁག་རྒྱལ་རྩེ་རྫོང་དུ་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། ཨ་ཅག་སྐལ་བཟང་ཞིང་པའི་སྣམ་བུའི་ཆེད་ལས་མཉམ་ལས་ཁང་ནི་བརྒྱུད་རིམ་དེའི་ཁྲོད་ཀྱི་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཅིག་རེད།

མཉམ་ལས་ཁང་གིས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ལག་རྩལ་ཟུང་འབྲེལ་བྱས་ཏེ་ཁྲོམ་རའི་དགའ་བསུ་ཐོབ་པའི་འཐག་ལས་ཐོན་རྫས་མང་དག་ཅིག་ཐོན་སྐྱེད་བྱས་ནས་གནའ་དེང་ཟུང་འབྲེལ་གྱི་འཐག་ལས་ཐོན་རྫས་ལ་དུས་རབས་ཀྱི་ཤོག་ཟུང་བསྒར་ཐོག་རྒྱལ་སྤྱིའི་ཚོང་ལམ་གྱི་མཁའ་ལམ་ཡངས་པོར་རང་རྩལ་ཅི་དགར་ངོམས་པའི་གསོན་ཤུགས་ཀྱི་དཔལ་འབར་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་མཉམ་ལས་ཁང་གིས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་བསུས་ཡོད་དེ། སྤྱི་ལོ་2023ལོར་མཉམ་ལས་ཁང་ལ་ཧྲང་ཧའེ་རུ་ལག་རྩལ་གསོ་སྦྱོང་བྱེད་པར་བསྐྱོད་པའི་གོ་སྐབས་ཐོབ་ནས་སྔོན་ཐོན་གྱི་འཐག་ལས་ལག་རྩལ་སློབ་སྦྱོང་བྱས་པ་མ་ཟད། འཐག་ལས་སྒྲིག་ཆས་ཏེ་འཐག་ཁྲི་ཡང་སྲོལ་རྒྱུན་གྱི་འཐག་ཁྲི་ནས་དེང་རབས་ཀྱི་འཐག་ཁྲིར་རིམ་སྤོར་བྱས་པ་དང་ཆབས་ཅིག་མཉམ་ལས་ཁང་གིས་ད་དུང་ཧྲང་ཧའེ་ཧྲ་ཅོན་དར་སྲོལ་གྱོན་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་ལས་སྣོན་གན་རྒྱ་བཞག་ནས་མཉམ་ལས་གཏིང་ཟབ་བྱས་ཡོད་པ་རེད།

སྤྱི་ལོ་2024ལོར་མཉམ་ལས་ཁང་གིས་ཧྥ་རན་སིའི་ཕ་རི་སིའི་དར་སྲོལ་གྱོན་ཆས་ཇུས་འགོད་འགྲེམས་སྟོན་ནང་ཞུགས་ནས་རྒྱལ་རྩེའི་ཐུན་མོང་མ་ཡིན་པའི་སྣམ་གོས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པས་རྒྱལ་སྤྱིའི་འཛད་སྤྱོད་པའི་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་གཏོར་ཡོད།

བོད་སྐྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་མཉམ་ལས་ཁང་གི་དཔལ་འབྱོར་གྱི་ཕན་འབྲས་མགྱོགས་མྱུར་འཕར་བ་མ་ཟད། ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད། མིག་སྔར་མཉམ་ལས་ཁང་གིས་མི་16ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པའི་ནང་དབུལ་སྒྲོལ་དུད་ཚང་དང་དབང་པོ་སྐྱོན་ཅན་6དང་དུད་ཚང་སྤྱིར་བཏང་དང་དཀའ་ངལ་ཡོད་པའི་དུད་ཚང་10ཡོད་པ་མ་ཟད་ལས་མིའི་ཟླ་རེའི་གླ་ཕོག་ཀྱང་དེ་སྔའི་སྒོར་3000ནས་ད་ལྟའི་སྒོར་4800བར་མཐོ་རུ་ཕྱིན་ཡོད་པ་རེད། མཉམ་ལས་ཁང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གིས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རྩ་ཆེའི་ཉམས་མྱོང་གི་དཔྱད་གཞི་མཁོ་འདོན་བྱས་ཡོད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཨ་ཅག་སྐལ་བཟང་ཞིང་པའི་སྣམ་བུའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་སྒྲོལ་མས། རིག་གནས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་རྒྱུན་འཛིན་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྣམ་བུའི་ཐོན་ལས་དེ་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་གཏོང་བའི་ཀ་རྟེན་གལ་ཆེན་ཞིག་ཏུ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་དང་། དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་ཀྱང་བོད་སྐྱོར་ལས་དོན་རུ་ཁག་དང་མཉམ་ལས་དང་སྤེལ་རེས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་རྩེ་དང་ཐ་ན་བོད་ལྗོངས་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་རང་ནུས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号