དཀར་མཛེས་ཁུལ་འདབ་པ་རྫོང་གི་ཉི་སྟེང་དང་ཕན་རོགས། གནམ་རིག་བཅས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས།

སྤྱི་ཟླ7པའི་ཚེས22ཉིན། དཀར་མཛེས་ཁུལ་འདབ་པ་རྫོང་གི་ཉི་སྟེང་དང་ཕན་རོགས། གནམ་རིག་བཅས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་དེ་འདབ་པའི་དགའ་ཐང་གྲོང་རྡལ་དུ་སྤེལ། འདི་ནི་འདབ་པའི་གནམ་རིག་ཚན་ཞིབ་དང་གངས་རིའི་སྐྱེ་ཁམས། གདོད་མའི་རིག་གནས་བཅས་ཐོན་ཁུངས་ཆེན་མོ་གསུམ་ལ་བརྟེན་ནས། འཛམ་གླིང་རིམ་པའི་ཡུལ་སྐོར་གྱི་དམིགས་འབེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ནུས་ལྡན་བྱས་པ་དང་། རྫོང་དེའི་རིག་གནས་ཡུལ་སྐོར་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་པར་མཚོན།

རྒྱུས་ལོན་བྱུང་གསལ། ཐེངས་འདིའི་བྱེད་སྒོ་ནི་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་མཛུབ་སྟོན་འོག །ཀྲུང་གུང་འདབ་པ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། འདབ་པ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་རིག་གནས་ཡུལ་སྐོར་ཅུས་ཀྱིས་འགན་སྒྲུབ་བྱས་ཤིང་། འདབ་པ་རྫོང་གི་སྤུས་མཐོའི་རིག་གནས་ཡུལ་སྐོར་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་མཐོ་སྒང་གི་དཔེ་སྟོན་ས་ཁུལ་བསྐྲུན་ཆེད། སི་ཁྲོན་གྱི་སྤུས་མཐོའི་འཛམ་གླིང་ཡུལ་སྐོར་དམིགས་དབེན་ས་ཁུལ་དང་དཀར་མཛེས་ཁུལ་གྱི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་དབེན་ས་ཁུལ་བཅས་བསྐྲུན་པར་རྨང་གཞི་སྲ་ཞིང་བརྟན་པར་བཏིང་ཡོད།

འགོ་ཚུགས་མཛད་སྒོའི་ཐོག །འབྲེལ་ཡོད་འགོ་ཁྲིད་ཀྱིས་གསུང་བཤད་དང་ཤིས་ཚིག་ཕུལ་བར་མ་ཟད། འདབ་པ་རྫོང་གིས་འདབ་པའི་ཡུན་ཐའེ་གནམ་དཔྱད་ཚན་རྩལ་ཐོན་ལས་ཁུལ་གྱི་སྒོ་བྱང་སྤྲད་པ་དང་། རྒྱུས་ལོན་བྱུང་གསལ། ཐོན་ལས་ཁུལ་དེ་ནི་འདབ་པ་རྫོང་དགའ་ཐང་གྲོང་རྡལ་དུ་གནས་ཤིང་། ལས་གཞིའི་ས་ངོས་ཟིན་ཚད་མུའུ་ལྔ་བརྒྱ་དང་དངུལ་དུང་ཕྱུར་ལྔ་དང་གྲངས་ཆུང་དྲུག་བཏང་ཡོད། ད་དུང་འགོ་ཚུགས་མཛད་སྒོ་རུ་ས་གནས་དེ་གའི་མང་ཚོགས་ཀྱིས་དམངས་ཁྲོད་རིག་གནས་ཀྱི་གླུ་གར་འཁྲབ་སྟོན་བྱས་པར་མ་ཟད། བོད་ཀྱི་གླུ་པ་དང་གླུ་མ་སྐད་གྲགས་ཅན་ཚོས་གླུ་དབྱངས་ཀྱི་མཆོད་པ་ཕུལ་བས། བྱེད་སྒོའི་ཡུལ་དངོས་ཡོངས་རྫོགས་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་གྱུར།

རྒྱུས་ལོན་བྱུང་གསལ། ཐེངས་འདིའི་རིག་གནས་ཡུལ་སྐོར་བྱེད་སྒོའི་གཟའ་འཁོར་ནི་སྤྱི་ཟླ7པའི་ཚེས22ནས26ཉིན་བར་སྤེལ་བཞིན་ཡོད་ལ། འགོ་ཚུགས་མཛད་སྒོ་སྤེལ་རྗེས། ད་དུང་གནམ་དང་ས། མི་བཅས་ཀྱི་དུས་ཚོད་དང་བར་ཁོངས་ལས་ཡོངས་སུ་བྲལ་བའི་རིག་གནས་ཡུལ་སྐོར་གནས་ཚད་གསར་པའི་ས་གནས་རྟོག་ཞིབ་དང་ཉི་སྟེང་གྲོང་པའི་དམངས་སྲོལ་རིག་གནས་ཉམས་ཞིབ། འདབ་པ་རྫོང་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་སྐུལ་སྤེལ་ཚོགས་འདུ། འདབ་པ་རྫོང་རིག་གནས་ཡུལ་སྐོར་གནས་ཚད་གསར་པ་འཛུགས་པའི་བཞུགས་མོལ་ཚོགས་འདུ། རྩོམ་པ་པོ་གྲགས་ཅན་འདབ་པ་རུ་ཕེབས་པའི་རྩོམ་རིག་ཉམས་ཞིབ། དྭངས་གཙང་དཀར་མཛེས། ཡང་དག་འདབ་པ་ཞེས་པའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཚོགས་འདུ། འདབ་པ་རྫོང་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལས་དོན་བཞུགས་མོལ་ཚོགས་འདུ། འདབ་པ་རྫོང་དམངས་སྲོལ་རིག་གནས་བྱེད་སྒོ་རབ་དང་རིམ་པ། འདབ་པ་རྫོང་ཉི་སྟེང་རྟགས་མའི་ལས་བྱེད་པའི་སྤོ་ལོ་འགྲན་བསྡུར་སྐབས་བཅུ་པ། འདབ་པ་རྫོང་པར་བརྙན་དང་བྲིས་གཟུགས་འགྲེམས་སྟོན། འདབ་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་། དངོས་མིན་རིག་གནས་ཤུལ་བཞག་དང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བཅོ་ལྔ་ཙམ་སྤེལ་རྒྱུ་རེད་འདུག 

དེ་ཡང་། འདབ་པ་ནི་ལོ་རྒྱུས་རྒྱུན་རིང་ཞིང་། གནས་དེ་ནས་ཕན་རོགས་གནའ་ཤུལ་གསར་རྙེད་བྱུང་བས། འདབ་པའི་ས་ཁུལ་གྱི་ལོ་རྒྱུས་ནི་རྡོ་ཆས་རྙིང་མའི་དུས་རབས་བར་དུ་དེད་ཆོག་པ་ར་སྤྲོད་བྱས་ཡོད། གནས་དེ་རུ་མཐོ་ཞིང་བརྗིད་པའི་གངས་རི་དང་། དོག་ཅིང་གཟར་བའི་གྲོག་རོང་། དྲག་ཅིང་མགྱོགས་པའི་གཙང་པོ། ལྷིང་ཞིང་འཇགས་པའི་མཚེའུ། ཡངས་ཤིང་ཆེ་བའི་རྩྭ་ཐང་། རྫུབས་ཤིང་སྟུག་པའི་ནགས་ཀླུང་སོགས་ཡོད། འདབ་པ་ནི་ཀྲུང་གོའི་ཤམ་བྷ་ལ་ཆེ་བའི་ཡུལ་སྐོར་གྱི་ལྟེ་བའི་ས་ཁུལ་ཡིན་ལ། “མཐོན་མཐིང་གོ་ལའི་གནས་མཆོག”ཅེས་པའི་མཚན་སྙན་ལྡན་པར་མ་ཟད། མི་རྣམས་ཀྱིས་དྲི་ཟའི་ཡུལ་ཞེས་བརྗོད་ཅིང་། པར་ལེན་དང་ཡུལ་སྐོར་ལ་དགའ་བའི་སྐྱེ་བོ་ཚོའི་དག་ཞིང་དུ་གྲུབ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号