བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ཚོགས་འདུ་འཚོགས་པ།

ཟླ10པའི་ཚེས28ཉིན2023ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་བྱ་བའི་གྲོས་ཚོགས་དེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པས་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན2རེད། པེ་ཅིན་དང་བོད་ལྗོངས། སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་སོགས་ཀྱི་ཆེད་མཁས་དང་མཁས་དབང20ལྷག་ཚོགས་འདུར་ཞུགས་ནས་ཉེ་བའི་ལོ་གཅིག་རིང་ཁྱབ་ཁོངས་སོ་སོར་བྱུང་བའི་བརྡ་ཆད་གསར་པ210ལྷག་གཅིག་གྱུར་གཏན་འབེབས་བྱས། དེ་དང་ཆབས་ཅིག་ཚོགས་ཞུགས་ཆེད་མཁས་དང་མཁས་དབང་རྣམས་ཀྱིས་བོད་སྐད་ཡིག་བརྡ་ཆད་གསར་པ་གཅིག་གྱུར་གཏན་འབེབས་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན་པ་རེད།


མགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅིན་དབྱིན་ཀའོ་ཡིས་གསུང་བཤད་གནང་བ་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཡིག་སྒྱུར་བྱ་བ་ཡག་པོ་སྤེལ་པ་དང་། བརྡ་ཆད་གསར་པ་ཚད་ལྡན་ཅན་དུ་གཏོང་བའི་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བརྡ་ཆད་གསར་པ་ཚད་ལྡན་ཅན་དུ་གཏོང་བའི་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། བརྡ་ཆད་གསར་པ་ཚད་ལྡན་ཅན་དུ་གཏོང་བའི་བྱ་བའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་བརྡ་ཆད་གཅིག་གྱུར་གཏན་འབེབས་ལས་དོན་སྤེལ་དགོས་ཞེས་གསུངས་ཡོད་པ་རེད།

ཚོགས་ཞུགས་ཆེད་མཁས་དང་མཁས་དབང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོའི་སྒོ་ནས་གཅིག་གྱུར་གཏན་འབེབས་བྱ་བ་ནན་ཏན་ངང་སྤེལ་བ། མི་རིགས་སོ་སོས་ཡང་དག་པའི“ལྟ་བ་ལྔ”འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང“ངོས་འཛིན་ལྔ”ཇེ་བརྟན་དུ་གཏོང་བ། མི་རིགས་སོ་སོས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号