དགེ་རྒན་གྱི་སློབ་ཁྲིད་དང་དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་གྱིས་སློབ་མར་ཤུགས་རྐྱེན་ངེས་ཅན་ཐེབས་བཞིན་ཡོད། རང་གི་བླ་ན་མེད་པའི་འཇིག་རྟེན་ལྟ་བ་དང་མི་ཚེ་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱིས་སློབ་མར་མིག་དཔེ་བཟང་པོ་སྟོན་དགོས། དེ་བས། ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཏུ་འགྱུར་དགོས་ཚེ། གཙོ་གནད་ནི་གཞི་རྩའི་བྱང་ཚད་ངེས་ཅན་ཞིག་དགོས། དེ་ན་དེང་རབས་ཀྱི་དགེ་རྒན་ཞིག་ལ་གཞི་རྩའི་བྱང་ཚད་གང་དག་ཚང་དགོས་སམ།གཅིག ལུས་སེམས་བདེ་ཐང་དང་ཕུལ་བྱུང་གི་མི་གཤིས་དགོས།དགེ་རྒན་ལ་རིག་གནས་རྐྱང་བ་ཙམ་ཡོད་པས་མི་འདང་ལ་ལུས་སེམས་ཀྱང་བདེ་ཐང་ཡིན་ཚེ། ད་གཟོད་སློབ་གསོའི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ནས་དུས་ལྟར་བྱ་བ་ཡོངས་སུ་ལེགས་འགྲུབ་བྱེད་ཐུབ། གཞན་ད་དུང་དགེ་རྒན་ལ་ངེས་པར་དུ་ཕུལ་དུ་བྱུང་བའི་མི་གཤིས་ཀྱི་ཁྱད་ཆོས་ལྡན་དགོས་ལ། དཔྱིད་ཀྱི་སྦྲང་ཆར་གྱིས་ས་གཞི་བརླན་པ་ཇི་བཞིན་མི་གཤིས་ཁྱད་ཆོས་ཀྱིས་སློབ་ཁྲིད་དང་སློབ་གསོའི་བྱ་འགུལ་ཁྲོད་ཤེས་མེད་ཚོར་མེད་ངང་སློབ་མར་ཤུགས་རྐྱེན་ཐེབས་བཞིན་ཡོད།གཉིས། སློབ་གསོར་བློ་དཀར་བ་དང་ཡང་དག་པའི་རིན་ཐང་གི་ལྟ་བ་དགོས།དགེ་རྒན་དང་སློབ་མ་ཐུན་མོང་གིས་གྲུབ་པའི་སློབ་ཁྲིད་ཁྲོད། གལ་ཏེ་དགེ་རྒན་ལ་ཡང་དག་པའི་རིན་ཐང་གི་ལྟ་བ་མེད་ཚེ། རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་ཁ་ཕྱོགས་མཐའ་མེད་པའི་ལོག་ལམ་ལ་འཁྲིད་ངེས། དེ་བས། ཀུན་སྤྱོད་མི་ལེགས་པའི་དགེ་རྒན་ནི་སློབ་ཁྲིད་ཀྱི་ཆུ་ཚད་ཞན་པའི་དགེ་རྒན་ལས་ཀྱང་འཇིགས་སུ་རུང་བ་ཡིན། མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཐོག་མར་ཡང་དག་པའི་རིན་ཐང་གི་ལྟ་བ་དགོས།གསུམ། མི་གསོ་སྐྱོང་བྱེད་པ་རྩ་བར་འཛིན་པ་དང་ལས་རིགས་ཀྱི་སྤྱོད་ལམ་བཟང་པོ་དགོས།“མི་གསོ་སྐྱོང་བྱེད་པ་རྩ་བར་འཛིན་པ”ནི་ཏང་དང་རྒྱལ་ཁབ་ཀྱི་སློབ་སྒྲུབ་ཀྱི་གཞི་རྩའི་དགོངས་པ་ཡིན། སློབ་ཁྲིད་བྱེད་པ་ནི་དགེ་རྒན་གྱི་འགན་འཁྲི་ཡིན་ལ། མི་གསོ་སྐྱོང་བྱེད་པ་ནི་སློབ་ཁྲིད་ཀྱི་རྩ་བ་ཡིན། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད། ང་ཚོས་ཀུན་སྤྱོད་དང་ཤེས་རིག་གཅིག་འདུས་ཡིན་པ། སློབ་ཁྲིད་ཀྱི་ནུས་པ་དང་མི་གསོ་སྐྱོང་བྱེད་པའི་ནུས་པ་གཅིག་འདུས་ཡིན་པ། མི་སྒེར་དང་སྤྱི་ཚོགས་གཅིག་འདུས་ཡིན་པ་བཅས་སྒྲུབ་ཐུབ་ཚེ། ད་གཟོད་དགེ་རྒན་ལས་རིགས་ཀྱི་སྤྱོད་ལམ་བཟང་པོ་མཚོན་ཐུབ།བཞི། ཤེས་བྱའི་ཆུ་ཚད་མཐོ་ཞིང་ཁ་བཤད་དོན་ལ་གནས་དགོས།དགེ་རྒན་གྱི་སྐད་ཆ་དང་སྤྱོད་ལམ་གྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཁོའི་བྱ་བའི་ནུས་པ་མཚོན་ཐུབ་པས། ཕུལ་དུ་བྱུང་བའི་དགེ་རྒན་ཞིག་ཡིན་ཚེ་རང་གི་འགྲོ་འདུག་སྤྱོད་ལམ་ཐད་ནས་རང་གཅུན་བྱེད་དགོས་ལ། དགེ་རྒན་ལས་རིགས་ཀྱི་ཚད་གཞི་ལ་བརྩི་སྲུང་བྱེད་དགོས།ལྔ། གཅིག་མཁས་མང་འཇོན་དང་སྣ་མང་ཤེས་བྱའི་སྒྲིག་གཞི་དགོས།དུས་རབས་ནི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས་རིག་ཚན་སློབ་གསོ་ཡང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འགྱུར་ལྡོག་འབྱུང་བཞིན་ཡོད། དུས་རབས་གསར་པའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཆེད་ལས་ཀྱི་ཤེས་བྱ་བྱང་ཆུབ་དགོས་པར་མ་ཟད། ད་དུང་རིག་ཚན་གང་མང་གི་ཤེས་བྱ་གསོག་འཇོག་བྱས་ཏེ། སྣ་མང་ཅན་གྱི་ཤེས་བྱའི་སྒྲིག་གཞི་འཛུགས་སྐྲུན་བྱས་ཚེ་ད་གཟོད་དགེ་རྒན་གྱི་སློབ་གསོའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་ཐུབ།དྲུག ལས་སྒོར་ནང་བྱན་ཆུད་ལ་སློབ་ཁྲིད་ཀྱི་རྩལ་ནུས་རྫོགས་དགོས།སློབ་ཁྲིད་ཀྱི་ནང་དོན་བསླབ་དེབ་ཁོ་ན་ཙམ་མ་ཡིན་པར་འོས་འཚམ་གྱིས་རྒྱ་བསྐྱེད་དང་ཁ་གསབ་བྱེད་པ་དང་། ཤེས་བྱའི་གནད་མི་གཅིག་པ་ལ་ཁྲིད་ཐབས་ཀྱང་མི་གཅིག་པ་སྤྱོད་དགོས། ཕུན་སུམ་ཚོགས་པའི་ཤེས་བྱ་དང་ཕུལ་དུ་བྱུང་བའི་ཁྲིད་ཐབས་གཞི་གཅིག་ལ་སྦྲེལ་ནས་སློབ་ཁྲིད་སྤྲོ་སྣང་གིས་ཁེངས་པར་བྱེད་དགོས།བདུན། སྦྱངས་པ་གོ་ཆོད་དང་བྱ་བ་སྒྲུབ་པའི་ནུས་པ་ལྡན་པ།དགེ་རྒན་གྱི་བྱ་བའི་ནུས་པ་གཙོ་བོ་གཤམ་གྱི་ཕྱོགས་འགའ་རུ་འདུས་ཡོད།1.སློབ་ཁྲིད་ཀྱི་ནུས་པ། 2.མཚོན་པའི་ནུས་པ། 3.འབྲེལ་འདྲིས་ཀྱི་ནུས་པ། 4.སློབ་གསོ་ཞིབ་འཇུག་གི་ནུས་པ། 5.ཁོར་ཡུག་དང་འཚམ་ཐུབ་པའི་ནུས་པ།བརྒྱད། རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་བྱང་ཚད་དགོས།དགེ་རྒན་ནི་སློབ་ཁྲིད་བྱེད་མཁན་ཙམ་མ་ཡིན་པར་སློབ་སྦྱོང་བྱེད་མཁན་ཡིན་དགོས། དགེ་རྒན་གྱིས་རང་གི་རིག་གནས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྒྱུན་ཆད་མེད་པར་ཐོད་བརྒལ་བྱས་ནས་ཕྱི་ཡི་སྣང་བརྙན་མཛེས་ལ་ནང་ཡོན་ཏན་གྱིས་ཕྱུག་པ། ཧུར་ཐག་གིས་རང་གི་མི་གཤིས་ཀྱི་བྱང་ཚད་ཇེ་མཐོར་གཏོང་དགོས།དགུ དུས་བསྟུན་ཡར་བརྩོན་དང་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དགོས།སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་ལྡན་ལ། སློབ་མ་རེ་རེར་འདྲ་མཉམ་གྱི་ལྟ་ཚུལ་དང་སོ་སོའི་ཁྱད་ཆོས་ལ་མཐོང་ཆེན་བྱེད་པ། སློབ་མའི་གཤིས་ཀ་དང་བར་ཁྱད་ལ་བརྩི་འཇོག་བྱས་ནས་གཅིག་ཀྱང་མ་ལུས་པར་འཕེལ་རྒྱས་གཏོང་དགོས།བཅུ། ཡར་བརྩོན་དང་གསར་གཏོད་ཀྱི་སྙིང་སྟོབས་དགོས།དགེ་རྒན་གྱིས་ཐོད་བརྒལ་བྱེད་ཕོད་པ་དང་སློབ་གསོ་ནི་རྒྱུན་མི་ཆད་པར་འགྱུར་བཞིན་ཡོད་པས། སློབ་ཁྲིད་བྱེད་ཐབས་ལ་འོས་འཚམ་གྱིས་འགྱུར་བ་གཏོང་དགོས། རང་ངོས་ཀྱི་འགན་འཁྲི་མངོན་གསལ་ཡིན་ཚེ་ད་གཟོད་སློབ་གསོ་འཕེལ་རྒྱས་ལ་འགྲོ་ཐུབ། སྤྱི་ཚོགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་རེ་བ་ནི་མདོར་དེད་ན་དགེ་རྒན་ལ་བཟུང་བའི་བླང་བྱ་ཡིན། དེང་རབས་ཅན་གྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། རང་གིས་སློབ་སྦྱོང་བྱས་ཏེ་ཤེས་བྱ་ཕུན་སུམ་ཚོགས་པར་གཏོང་ཕོད་པ་དང་། དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ནུས་ཚེ། ད་གཟོད་སློབ་གསོའི་ལས་དོན་ཡར་ངོས་ཟླ་བཞིན་འཕེལ་ནས་མེས་རྒྱལ་གྱི་གདུང་འདེགས་ཀ་བ་མང་པོ་གསོ་སྐྱོང་བྱེད་ཐུབ།།