རེ་བའི་ས་བོན་འདེབས་པ།

ཉེ་སྔོན་གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་ནང་སོང་བ་ན་དྲིལ་སྒྲོག་གྱང་ལྡེབས་སུ་སྦྱར་བའི་མི་རིགས་ལྔ་བཅུ་ང་དྲུག་གིས་ལག་གདང་སྦྲེལ་བའི་འགུལ་རིས་ཤིག་མིག་ལམ་དུ་མངོན་ཡོང་།

རྒྱང་སྒྲོག་ལས་མཆེད་པའི་སྙན་འཇེབས་ཀྱི་རོལ་དབྱངས་དང་འགྲོགས་ཏེ། སློབ་གྲོགས་ཚོ་གོམ་འགྲོས་མྱུར་མོའི་ངང་རྩལ་སྦྱོང་ར་བར་འཚོགས་པ་དང་། ཁོ་ཚོས་གོམ་སྟབས་མཉམ་པའི་སྒོ་ནས་འབོད་ཚིག་ཤུགས་ཀྱིས་བསྒྲགས། སྐྱེ་སྟོབས་ཀྱིས་ཁེངས་པའི་གཟུགས་གཞི་ལས་དེང་རབས་སློབ་འབྲིང་སློབ་མའི་ཧུར་བརྩོན་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཡོད།

དངོས་ལུགས་དགེ་རྒན་ཐན་ཏི་པའོ་ཡིས་སློབ་མའི་ལས་བྱར་མཛུབ་སྟོན་བྱེད་བཞིན་པ།

ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་ཧན་ཀུའུ་སློབ་འབྲིང་དྲུག་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་གཞོན་པ་དང་། ད་ལྟ་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོའི་འགན་བཞེས་ཡོད་པའི་ཀྲང་ཧུང་ཡན་ཉིན་རེའི་ཞོགས་པར་སྔ་མོ་ནས་རྩལ་སྦྱོང་ར་བར་ཡོང་སྟེ། འཛིན་གྲྭ་རེ་རེའི་འཛིན་བདག་གིས་རུ་སྣ་དྲངས་ཏེ་རྩལ་སྦྱོང་ར་བའི་ནང་དུ་ཡོང་བར་ལྟ་སྐུལ་བྱེད་བཞིན་ཡོད། “ཉིན་གཅིག་གི་འཆར་འགོད་ཞོགས་པར་ཐུག་ཡོད། ལུས་སྦྱོང་ཡག་པོ་ཞིག་བྱས་ན་ད་གཟོད་ལུས་སྟོབས་འདང་ངེས་ཀྱིས་ཉི་མ་རེ་རེ་སྐྱེལ་ཐུབ”ཅེས་ཀྲང་ཧུང་ཡན་གྱིས་དེ་ལྟར་བཤད།

ལོ་ངོ་གཉིས་ཀྱི་ཡར་སྔོན་དུ། ཀྲང་ཧུང་ཡན་དང་དགེ་རྒན་དྲུག་ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོར་ཡོང་སྟེ“ཚོགས་སྒྲིག་རྣམ་པ”ཡི་སློབ་གསོས་མཚོ་སྔོན་ལ་རོགས་སྐྱོར་བྱས། “མཚོ་སྔོན་དུ་ཡོང་ཤ་སྟག་ཡིན་ན། ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བྱེད་དགོས། སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་ཁྱབ་སྒྲོག་བྱེད་དགོས་པར་མ་ཟད། ད་དུང་སློབ་མར་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་ལེགས་པོའང་གསོ་སྐྱོང་བྱེད་དགོས།” ཀྲང་ཧུང་ཡན་གྱི་འབད་བརྩོན་འོག སློབ་ཁང་གཙང་ཞིང་གྲ་དག་ཅིང་སློབ་གྲྭ་སྔར་ལས་གཙང་དག་ཏུ་གྱུར། སློབ་མ་ཚོ་ཞོགས་རྒྱུག་སྐབས་སུ་གྲལ་བསྟར་འགྲིག་ཅིང་སྐད་གསང་མཐོན་པོས་འབོད་ཚིག་སྒྲོག་ལ། སློབ་རའི་ཁོར་ཡུག་གམ་སློབ་མའི་བསམ་པའི་ཉམས་འགྱུར་སོགས་གང་ཅིའི་ཐད་མཐོར་འདེགས་ཆེན་པོ་བྱུང་ཡོད།

རོགས་མངགས་རུ་ཁག་གི་ལོ་ན་ཆེས་ཆེ་བའི་རུ་མི་ཡིན་པའི་ཆ་ནས། ཀྲང་ཧུང་ཡན་གྱིས་རྫ་དུག་ལ་འཛེམས་ནས་ཕྱིར་སྣུར་མི་བྱེད་པར། “མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གྲོང་གསེབ་དར་སྤེལ་དང་སློབ་གསོ་དམིགས་སུ་འཛིན་པའི་ཆེད་དུ་ཡོང་བ་ཡིན་ལ། རྨ་ལྷོ་ཁུལ་གྱི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བའི་ཆེད་དུ་ཡོང་བ་ཡིན།”

སློབ་གྲྭའི་ཉིན་རྒྱུན་གྱི་དོ་དམ་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ལས་གཞན། ཀྲང་ཧུང་ཡན་གྱིས་དགེ་རྒན་ཚོས་སློབ་ཁྲིད་བྱེད་པའི་གནས་ཚུལ་ལ་སྐོར་ཞིབ་བྱེད་སྲིད། དགེ་རྒན་གྱི་སློབ་ཁྲིད་དམིགས་འབེན་མངོན་འགྱུར་བྱུང་ཡོད་མེད་དང་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཇི་འདྲ་ཡིན་པ་སོགས་ནི་ཀྲང་ཧུང་ཡན་གྱི་སེམས་ཁྲལ་བྱེད་ས་རེད།

“དེ་རིང་ང་ཚོས་དངོས་ལུགས་ཀྱི་ཚོད་ལྟའི་སློབ་ཁྲིད་ཅིག་འཚོགས་ཏེ། ཤུགས་རིག་གི་གཞི་རྩའི་ཚད་འཇལ་དཔྱད་ཆས་བཀོལ་ཤེས་པར་བྱ་རྒྱུ་དང་། ཁྲེ་ཙེ་རྟ་མགོ་ཅན་དང་དུང་འཁྱིལ་ཚད་འཇལ་ཡོ་ཆས་སྟེང་གི་གྲངས་ཚད་ལ་སློབ་སྦྱོང་ཐེངས་ཤིག་བྱ། ད་ལྟ་ང་ཚོས་སློབ་སྦྱོང་ཚན་ཆུང་དགར་ཏེ་མཉམ་དུ་སློབ་སྦྱོང་བྱ”ཞེས་མཐོ་གཉིས་འཛིན་གྲྭ་དྲུག་པའི་སློབ་ཁང་དུ། མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་དངོས་ལུགས་དགེ་རྒན་ཐན་ཏི་པའོ་ཡིས་སློབ་གྲོགས་ཚོར་སློབ་ཁྲིད་བྱེད་བཞིན་མཆིས།

ཀྲང་ཧུང་ཡན་གྱིས་བཤད་རྒྱུར། “བསླབ་ཚན་གཞན་དག་དང་བསྡུར་ན། དངོས་ལུགས་སློབ་ཁྲིད་ཀྱི་ནང་དོན་གོ་དཀའ་ཞིང་སྤྱི་མཚན་ལ་གཞོལ་བས། སློབ་གྲོགས་ཚོ་རྒྱུན་པར་དཀའ་ཁག་ལ་འཕྲད་ཡོད། དགེ་རྒན་ཐན་ལགས་ཀྱིས་སློབ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ཤིང་། མཚར་ཉམས་དང་དགོད་བྲོ་བའི་སློབ་ཁྲིད་བྱེད་སྲོལ་བརྒྱུད་དེ། དོན་ཟབ་གོ་བདེའི་ངང་རིག་ལམ་ཞིབ་འགྲེལ་བྱས་ཤིང་། སློབ་གྲོགས་ཚོས་སྔོན་ལ་འཇུག་སྒོའི་ནང་དོན་སྦྱོང་བ་དང་ཡུན་གྱིས་སློབ་སྦྱོང་གཏིང་ཟབ་བྱེད་པར་གོམ་པ་རིམ་བགྲོད་ཀྱིས་སྣེ་ཁྲིད་བྱས།” སློབ་གྲོགས་ཚོས་གོ་སླ་བའི་ཆེད་དུ། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ཐན་ཏི་པའོ་ཡིས“གློག་ཁུར་མ་གཞི”དང“ཁུའུ་ལུན་ངེས་སྲོལ”“ལེང་ཚི་ངེས་སྲོལ”“ཧྥ་ལ་ཏི་གློག་སྡུད་ཚོར་བྱུང་ངེས་སྲོལ”སོགས་རྒྱུན་དུ་རྒྱུགས་ལེན་སྲིད་པའི་དཀའ་གནད་ལ་ཁ་གཏད་དེ། ཚིག་འགྲོས་ཇེ་དལ་དུ་བཏང་ནས་སུན་སྣང་མེད་པར་འགྲེལ་བཤད་གསལ་བོ་བྱེད་པ་རེད།

ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་དང་པོའི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་བར་རོགས་རམ་བྱེད་ཆེད། སློབ་གྲྭས་དགེ་རྒན་གྲགས་ཅན་ཐན་ཏི་པའོ་ཡི་བྱ་བའི་ལས་གཉེར་ཁང་བཙུགས་པ་དང་། ཐེན་ཅིན་གྲོང་ཁྱེར་པིན་ཧའེ་ཁུལ་གསར་གྱི་འཇོན་མིའི་ཐོན་ཁུངས་ལེགས་ཆ་བེད་སྤྱད་དེ། དགེ་རྒན་གྲགས་ཅན་གྱི་སྣེ་ཁྲིད་དང་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

“དགེ་རྒན་ཐན་ཏི་པའོ་ཡི་སྣེ་ཁྲིད་འོག ངས་ཁོས་བཏོན་པའི‘གཅིག་ལྟ་གཉིས་འབྲི་གསུམ་འབྲེལ་མཐུད’ཀྱི་དངོས་ལུགས་སློབ་སྦྱོང་ཐབས་ཇུས་དཔྱད་གཞིར་བཟུང་སྟེ། སློབ་མར་རྒྱུགས་ཡིག་ལག་ཏུ་འབྱོར་མ་ཐག་སྔོན་ལ་ཤེས་ཚད་དང་མི་ཤེས་ཚད་ལ་བལྟས་རྗེས། གནད་འགག་གི་མིང་ཚིག་ལ་རྟགས་རྒྱག་པ་དང་། དེ་ནས་སྦྱངས་ཟིན་པའི་དངོས་ལུགས་ཀྱི་སྤྱི་འགྲོས་དང་དཔེ་གཞིའི་དྲི་བར་ལན་འདེབས་པའི་གོམས་གཤིས་དང་སྦྲེལ་མཐུད་བྱེད་རྒྱུ་མ་ཟད། སྐུལ་ལྕག་བཏང་བར་བརྟེན་ནས་སློབ་མའི་དངོས་ལུགས་སློབ་སྦྱོང་གི་སྤྲོ་བ་བསླང་ཅི་ཐུབ་བྱས་པ་ཡིན” ཞེས་སློབ་གྲྭའི་དངོས་ལུགས་དགེ་རྒན་ཤ་བོ་དོན་འགྲུབ་ཀྱིས་དགེ་རྒན་ཐན་གྱི་སློབ་ཁྲིད་བྱེད་སྟངས་ལ་ཡི་རང་དང་བཅས་ཏེ་བཤད།

མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་དགེ་རྒན་ཀྲུའུ་ཁྲུན་ཕུའུ་ཡིས་ཆ་འཕྲིན་ལག་རྩལ་སློབ་ཐུན་ནང“སློབ་གྲོགས་ཚོ། མ་འོངས་པའི་སློབ་ར་ནི་ཇི་འདྲ་ཞིག་ཡིན་སྲིད་དམ”ཞེས་དྲིས་ཏེ་སློབ་མའི་བློ་སྒོ་འབྱེད་ཨེ་ཐུབ་ལ་འབད་ཀྱིན་ཡོད། རྨ་ལྷོར་ཡོང་བའི་ཚུན་དུ། ཁོས་སློབ་གྲྭའི་ཚན་རྩལ་ཟུར་ཁྲིད་པའི་འགན་ཁུར་ཡོད་ལ། ཚན་རྩལ་ཁྱབ་གདལ་དུ་གཏོང་བའི་ལས་འགན་རང་འགུལ་གྱིས་ཕྲག་ཏུ་བླངས་ཡོད།

“དགེ་རྒན་ལགས། ངས་དགུན་ཁར་མལ་ཁང་དུ་འཛུལ་མ་ཐག་ཁང་བའི་ནང་དུ་རང་འགུལ་གྱིས་དྲོད་གཏོང་བ་དང་། དྲོད་ཚད་དང་བསྟུན་ནས་རང་འགུལ་གྱིས་རླུང་རྒྱུ་བ། ད་དུང་མལ་ཁང་གིས་རང་འགུལ་གྱིས་ཐོབ་ཐང་ངོས་འཛིན་བྱེད་ཐུབ་ན་བསམ་ཡོད།”

“དགེ་རྒན་ལགས། ངས་བསམ་ན་ང་ཚོའི་སློབ་རའི་ནང་དུ་སྔོ་ཚོད་རྟེན་གཞི་ཡོད་པ་དང་། དེའི་ནང་དུ་དྲོད་ཚད་ལྟར་རང་འགུལ་གྱིས་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་བ། བརླན་ཚད་ལྟར་རང་འགུལ་གྱིས་ཆུ་སྣོན་པ། དེང་རབས་ཅན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པར་བརྟེན་ནས་དགེ་རྒན་དང་སློབ་གྲོགས་ཚོར་སྔོ་ཚོད་གསར་པ་བཟའ་རུ་འཇུག་ཐུབ་རྒྱུ་ན་བསམ་ཡོད།”

“ལྡེམ་འགུལ་བྱེད་ཐབས་བསྒྱུར་ན། ལྭ་བ་བཀྲུ་བའི་དུས་ཡུན་ཇེ་རིང་དུ་བཏང་བ་བརྒྱུད། ང་ཚོས་ཆེད་དུ་བོད་ལྭ་མཐུག་པོ་བཀྲུ་ཐུབ་པའི་གོས་འཁྲུད་འཕྲུལ་ཆས་ཤིག་གསར་གཏོད་བྱེད་ཐུབ་བམ། མཐོ་སྒང་དུ་ཆུ་ཁོལ་དཀའ་བས། ང་ཚོས་ཆུའི་འཁོལ་ཚད་རང་འགུལ་གྱིས་ངོས་འཛིན་བྱས་རྗེས་ཟ་མ་བཙོ་ཡུན་གཏན་འཁེལ་བྱེད་ཐུབ་པའི་གློག་གི་སླ་ང་ཞིག་ཇུས་འགོད་བྱེད་ཐུབ་བམ”ཞེས་པ་སོགས་ཀྱི་དྲི་བ་སྣ་ཚོགས་ལ་ཀྲུའུ་ཁྲུན་ཕུའུ་ཡིས་རེ་རེ་བཞིན་སེམས་ཞིབ་མོས་ལན་བཏབ། ཁོས་བསམ་ན། ཚན་རིག་ལག་རྩལ་ཁྱབ་གདལ་དུ་གཏོང་བ་ནི་སློབ་མའི་མིག་རྒྱ་བསྐྱེད་པ་དང་། གསར་གཏོད་ཀྱི་འདུ་ཤེས་གསོ་སྐྱོང་བྱས་ནས། གསར་གཏོད་ཆུང་ཆུང་དང་གསར་སྐྲུན་ཆུང་ཆུང་འབའ་ཞིག་ཉིན་རྒྱུན་འཚོ་བའི་དགོས་མཁོ་དང་སྔར་ལས་མཐུན་པོ་ཡོང་དུ་འཇུག་ཆེད་རེད།

ཀྲང་ཧུང་ཡན་གྱིས་བཤད་རྒྱུར། ཐད་ཀར་རོགས་རམ་བྱེད་པ་དང་རང་ཚུགས་བྱེད་ཐབས་ཁྲིད་པ་གཉིས་མཉམ་དུ་འཛིན་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། སྤེལ་རོགས་ཁྲིད་གསུམ་དང་ཕན་ཚུན་ཁ་བརྡའི་རྣམ་པའི་སློབ་ཞིབ་དང་། ཆེད་དོན་བཞུགས་མོལ། ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་བྱེད་ཐབས་སྤྱོད་པ། ཤར་རྒྱུད་ས་ཁུལ་གྱི་སློབ་གྲྭའི་སྔོན་ཐོན་སློབ་གསོའི་འདུ་ཤེས་དང་རིགས་ལམ་ཐབས་ཇུས་བརྒྱུད་སྒྲོག་བྱེད་པ་བཅས་ཀྱིས། རྨ་ལྷོའི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号