སྒྲུང་ཐུང་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་པའི་བརྩམས་ཆོས། རྒྱབ་དང་མདུན། (1)
རྩོམ་པ་པོ་ངོ་སྤྲོད།
བུ་ཚེ་རིང་རྒན་པ། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། 1989ལོར་ཀྲུང་དབྱང་མི་རིགས་སློབ་གླིང་མི་རིགས་སྐད་ཡིག་རྩོམ་རིག་ཚན་ཁག་ནས་མཐར་ཕྱིན། 1984ལོ་ནས་བརྩམས་ཆོས་འགྲེམས་སྤེལ་བྱེད་འགོ་ཚུགས་ཞིང་ད་བར་ལྗོངས་ཕྱི་ནང་གི་རྩོམ་རིག་དུས་དེབ་དང་ཚགས་པར་ཐོག་ཏུ་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག གཞས་ཚིག དཔྱད་གཏམ་སོགས་བརྗོད་བྱ་སྣ་ཚོགས་ཀྱི་རྩོམ་རིག་བརྩམས་ཆོས360ལྷག་ཙམ་འགྲེམས་སྤེལ་བྱས། སྔ་རྗེས་སུ་བརྩམས་སྒྲུང་རིང་གྲས་དྲུག་དང་། ལྷུག་རྩོམ་དེབ་གཉིས། བརྩམས་སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས་གཅིག་བཅས་པར་དུ་སྐྲུན། བརྩམས་སྒྲུང་རིང་གྲས《ཆུ་མིག་དགུ་སྒྲིལ》ལ་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ་ཐོབ། བརྩམས་སྒྲུང་རིང་གྲས《ལོ་ཟླའི་རི་མོ》དང《ཚེ་གང་གི་ལས་འཕྲོ》གཉིས་ལ་གཞིས་རྩེ་གྲོང་ཁྱེར་གྱི་སྐབས་དང་པོ་དང་སྐབས་གཉིས་པའི་ཡར་ཀླུང་གཙང་པོའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ་ཐོབ། ལྷུག་རྩོམ《དྲན་པས་མ་ཟིན་པའི་སྐྱིད་གྲོང》ལ་སྐབས་བཅུ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ཡིག་སྒྱུར་བྱས་པའི་དེབ་བརྒྱད་པར་སྐྲུན་བྱས།
རྒྱབ་དང་མདུན།
ཤེས་རབ་རྒྱལ་མཚན་གྱིས་སྲིད་གཞུང་གི་ཚན་པ་ཞིག་ཏུ་ཀྲུའུ་རེན་གྱི་ལས་འགན་འཁུར་བཞིན་ཡོད། ཉེ་དུས་ཁོ་རང་ཡ་མཚན་ཆེ་བའི་གནས་ཚུལ་ཞིག་ལ་འཕྲད་བཞིན་ཡོད་དེ། སྐབས་རེར་མེ་ལོང་དང་། སྐབས་རེར་ཆུ་ཡི་ནང་། ཡང་སྐབས་རེར་རྨི་ལམ་དང་ཐ་ན་ཉི་འོད་དང་གློག་འོད་ཁྲོད་ནས་གཟུགས་བརྙན་ཞིག་མངོན་པར་མ་ཟད། དེའི་བསམ་བློ་ཕུད། ངོ་གདོང་དང་རྐང་ལག རྒྱབ་མདུན། གྱོན་གོས་དང་རྣམ་འགྱུར། ཐ་ན་ཐོད་པའི་སྟེང་གི་གཉེར་མ་དང་སྣ་ཟུར་གྱི་སྨེ་བ་སོགས་ཐམས་ཅད་ཁོ་རང་དང་ཡོངས་སུ་མཚུངས། ཡིན་ནའང་མིའམ་གཟུགས་བརྙན་དེས། ཁོ་པའི་ཁ་གཏད་དུ་ལངས་ཏེ། ག་དུས་ཡིན་ཡང་ཁོ་པའི་བྱ་བྱེད་དང་བསམ་བློར་མི་འདོད་འགོག་རྒོལ་བྱེད།
དེ་ལྟར་མི་དེའི་བསམ་བློ་ཙམ་ལས་གཟུགས་བརྙན་ཁོ་རང་དང་གཅིག་མཚུངས་ཡིན་པས། ཁོས་མི་དེ་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ཙམ་དང་། ཡང་ན་རང་ཉིད་དངོས་གང་ཡིན་གྱི་ཐད་ལ་བསམ་གཞིག་ཡང་ཡང་བྱས་ཀྱང་ཐེ་ཚོམ་གྱི་གནས་སུ་ལྷུང་།
དེ་ལྟར་བསམ་གཞིག་ཡང་ཡང་བྱེད་དུས། སྐབས་རེར་ཁོ་ལ་མཚར་སྣང་ཞིག་སྐྱེས་ཤིང་སྐབས་རེར་ཁོ་ལ་འཇིགས་སྣང་ཞིག་ཀྱང་ཡོང་གིན་ཡོད། ཁོ་རང་མི་ཡུལ་འདིར་མི་ལོ་བཞི་བཅུ་ཙམ་འཚོས་ཀྱང་། མི་གཞན་ལ་མཐོང་ཐོས་སམ་འཆར་སྣང་འདི་འདྲ་བྱུང་ཚུལ་ཞིག་ཐོས་མ་མྱོང་ལ། རང་ཉིད་ལའང་ཉེ་དུས་མ་གཏོགས་རྨི་ལམ་ལྟ་བུའི་གཟུགས་བརྙན་དེ་འདྲ་ཞིག་འཆར་མྱོང་མེད་ཅིང་། གློ་བུར་དུ་ཤར་བའི་གྲིབ་གཟུགས་སམ་གཟུགས་བརྙན་དེས། ག་དུས་ཡིན་ཡང་ཁོ་པའི་བསམ་བློའི་ཁ་གཏད་དུ་ལངས་པས། རྒན་རབས་ཚོའི་ཤོད་རྒྱུན་དུ། མི་ཞིག་ལ་འཆར་སྣང་གང་བྱུང་ཚེ། མི་དེའི་ཚེ་མི་བརྟན་ཟེར་བས། ཁོའི་བསམ་པར་རང་ཉིད་ལ་ནད་ཅི་ཞིག་ཕོག་ནས། རང་ཉིད་གང་མགྱོགས་སྒོས་མི་ཡུལ་འདི་ནས་འབྲལ་དགོས་པའི་སྔ་ལྟས་མིན་ནམ་སྙམ་པས། སྐྲག་སྣང་ཞིག་ཀྱང་ཡོང་གིན་ཡོད།
དེ་ཡང་ཟླ་ཤས་གོང་གི་རེས་གཟའ་པ་སངས་ཀྱི་དགོང་དྲོ་ཞིག་ལ། ཤེས་རབ་རྒྱལ་མཚན་གྱིས་ལས་མཚམས་བཞག་ནས་རང་ཁྱིམ་ལ་ལོག གཟའ་འཁོར་དེར་ལས་ཁུངས་ནང་ལས་བྲེལ་ཆེ་བས་ལུས་སེམས་གཉིས་ཁག་སྟེ་ཡོད་པས། ཁོ་པའི་བསམ་པར་སང་ཉིན་དང་གནངས་ཉིན་ངལ་གསོ་ཡིན་སྟབས། ལུས་སེམས་ལྷོད་ལྷོད་ངལ་གསོ་ཆོག་སྙམ་སྟེ་མལ་སར་བསྙེས་ཏེ་བསྡད། ཅུང་ཙམ་སོང་རྗེས་རབ་རིབ་གཉིད་ཀྱི་ཞིང་དུ་སླེབས་ནས་དུས་ཡུན་ཅི་ཙམ་སོང་བ་མ་ཤེས་མོད། གཉིད་མ་སད་ཀྱི་ཁྲོད། སྔས་འགྲམ་དུ་ཁོ་རང་ལ་རྒྱབ་གཏད་པའི་མི་ཞིག་ཙོག་ནས་ཡོད་པ་མཐོང་། ཁོས་མི་དེ་འདྲ་ཞིག་སུ་ཡིན་ནམ་སྙམ་པའི་དུས། མི་དེས་གློ་བུར་ཁོ་རང་ལ་ཁ་འཁོར། མི་དེའི་ངོ་གདོང་མཐོང་དུས། ཁོ་པའི་སེམས་ནང་རང་ཉིད་མེ་ལོང་ནང་དུ་གསལ་བའི་སྣང་བ་ཞིག་ཤར། གང་ཡིན་ཟེར་ན་མི་དེའི་ལུས་ཀུན་ཁོ་རང་དང་གཅིག་མཚུངས་ཡིན་པས་རེད། གལ་སྲིད་མི་དེས་ཁོ་རང་ལ་ངོ་འཛུམ་དང་བཅས་མགོ་བོ་ལྕོག་ཙམ་མ་བྱས་ཚེ། ཁོས་རང་ཉིད་མེ་ལོང་ནང་དུ་གསལ་བ་རེད་སྙམ་ངེས། དེ་དུས་ཁོ་རང་ཅུང་ཧ་ལས་ཤིང་ཧང་སངས་ཏེ་ཡོད་པས། མི་འམ་གཟུགས་བརྙན་དེས་ཁོ་པར་སླར་ཡང་ངོ་འཛུམ་ཞིག་བྱས་པས། ཁོ་པ་ཡ་མཚན་པར་གྱུར།
ཁྱེད་རང་སུ་ཡིན། འདི་གར་ཅི་བྱེད་ཀྱིན་ཡོད། ཤེས་རབ་རྒྱལ་མཚན་གྱིས་དྲིས།
ང་རང་སུ་ཡིན་པ་ངས་ཀྱང་མི་ཤེས། གལ་སྲིད་ཁྱེད་རང་ནས་ང་སུ་ཡིན་པ་མ་ཤེས་ཚེ། ངས་དེ་བས་ཀྱང་ཤེས་ཐབས་མི་འདུག་ཟེར།
བྱས་ན་ཁྱེད་རང་མེ་ལོང་ནང་དུ་འཆར་བའི་ངའི་གཟུགས་བརྙན་དང་། འོད་མདངས་འོག་ཏུ་གསལ་བའི་ངའི་གྲིབ་གཟུགས་ཡིན་ནམ། ཤེས་རབ་རྒྱལ་མཚན་གྱིས་དེ་ལྟར་དྲིས་ཏེ་ལན་བསློག་རྒྱུར་བསྒུགས།
དེས་བསམ་བློ་གཏོང་བའི་ཚུལ་དུ་ཅུང་ཟད་ཁ་རོག་གེར་བསྡད་རྗེས། མི་ཤེས་པའི་ཚུལ་དུ་མགོ་བོ་འཕྲེད་དུ་གཡུག
བྱས་ན་ཁྱེད་རང་ངས་རྨིས་པའི་རྨི་ལམ་ཞིག་གམ་སེམས་ཀྱི་འཆར་སྣང་ཞིག་ཡིན་ནམ།
མི་དེས་སྔར་བཞིན་མི་ཤེས་པའི་ཚུལ་དུ་མགོ་བོ་འཕྲེད་དུ་གཡུག་ནས་ཁ་རོག་གེར་བསྡད།
དེ་དུས་ཕྲུ་གུ་སློབ་གྲྭ་ནས་བསུས་ཏེ་ཁྱིམ་དུ་འབྱོར་བའི་ཆུང་མའི་བསམ་པར། རང་གི་ཟླ་བོས་མི་སུ་ཞིག་དང་གཏམ་གླེང་བྱེད་བཞིན་ཡོད་པའམ། ཡང་ན་ཁ་པར་ལམ་ནས་མི་གཞན་དང་ལབ་གླེང་བྱེད་ཀྱིན་འདུག་སྙམ་ནས། སྒེའུ་ཁུང་བརྒྱུད་དེ་རང་གི་ཁྱོ་བོར་བལྟས་ཙམ་བྱས་པས་ཁོ་དང་མཉམ་དུ་མི་གཅིག་ཀྱང་མི་འདུག་ལ། ལག་ཏུ་ཁ་པར་ཡང་བཟུང་མེད་པས་ཡ་མཚན་དང་བཅས། ཨ་ཇོ། ཁྱེད་རང་ཁེར་ལབ་ག་རེ་བྱེད་ཀྱི་ཡོད་དམ་ཞེས་དྲིས།
ཆུང་མའི་གཏམ་དེས་ཁོའི་དྲན་པ་ནང་དུ་བཀུག མཚམས་དེར་མདུན་དུ་ཡོད་པའི་མི་དེ་གློ་བུར་བའི་རླུང་བུ་ཞིག་ལྟར་ཆ་མེད་དུ་ཡལ་བས། ཁོ་པ་ཡ་མཚན་དང་བཅས་ཆུང་མའི་དྲི་བར་ལན་མེད་པར་རེ་ཞིག་ཧོན་ཐོར་རེར་ལུས། དེ་དུས་ཆུང་མ་ཁང་པའི་ནང་དུ་འཛུལ་བྱུང་། རང་གི་ཟླ་བོ་ཧ་ལས་ལས་དང་ཧོན་ཐོར་ཐོར་ངང་དུ་ཡོད་པ་མཐོང་ནས། ཨ་ཇོ། ཁྱེད་རང་ལ་ཅི་བྱས་སོང་། ད་གིན་ཁྱེད་རང་ནས་མི་གཞན་དང་ལབ་གླེང་བྱེད་བཞིན་ཡོད་པ་ལྟར་མང་པོ་ཞིག་ཤོད་ཀྱིན་འདུག ད་ནི་ངས་གཏམ་དྲིས་ཀྱང་ལན་མི་སློག་པར། ལྐུགས་པས་ལྷ་མཐོང་བའི་ཚུལ་དུ་འདུག་ཅེས་བརྗོད།
མ་རེད། ད་གིན་ང་རང་གཉིད་ཅུང་ཙམ་ཁུག་འདུག་པས་གཉིད་ལབ་བརྒྱབ་པ་འདྲ་ཞེས་ལན་བཏབ།
དེ་དུས་ཤེས་རབ་རྒྱལ་མཚན་གྱི་མིག་ལམ་དུ་གློ་བུར་དུ་ཁོ་རང་དང་འདྲ་བའི་གཟུགས་བརྙན་དེ་ཤར་ནས། གཟུགས་བརྙན་དེས་མིག་གཉིས་པོ་ཁོ་རང་ལ་ཅེར་བཞིན། ཁྱེད་རང་ནས་སྐྱག་རྫུན་མ་བཤད། ད་གིན་ང་གཉིས་ལབ་གླེང་བྱས་པ་ཞིག་ལས། ཁྱེད་རང་གཉིད་ཁུག་སྟེ་གཉིད་ལབ་བྱས་པ་ཞིག་ག་ལ་ཡིན་ཟེར།
ཁོ་པའི་མིག་གིས་མི་དེ་མངོན་སུམ་དུ་མཐོང་ཞིང་རྣ་བས་དེའི་གཏམ་གསལ་པོར་ཐོས་ཀྱང་། ཆུང་མས་མི་དེ་མི་མཐོང་ལ་ཁོའི་གཏམ་ཡང་ཐོས་ཀྱི་མེད་ཚོད་འདུག་པས། ཁོ་པ་དེ་བས་ཀྱང་ཡ་མཚན་པར་གྱུར། ཁོ་པ་ཡ་མཚན་དང་བཅས་དོན་དེའི་བསམ་གཞིག་ཁྲོད་ཧོན་ཐོར་རེར་ཡོད་པས། ཆུང་མས་ཟླ་བོའི་ཚུགས་ཀ་དེ་མཐོང་ནས།ཨ་ཇོ། ཁྱེད་རང་ད་དུང་ཡང་གཉིད་ཡག་པོ་དྭངས་མེད་པ་འདྲ། དེ་ལྟར་མ་སྡོད་པར་ཕྱི་ལ་འཆམ་འཆམ་ཙམ་གནང་དང་། ངས་ལམ་སེང་དགོང་ཟས་བཟོ་ཆོག་ཟེར།
ཡ་ཡ། བྱས་ན་ང་ཕྱི་ལ་འཆམ་འཆམ་བྱེད་པར་འགྲོ་གི་ཡིན། ཤེས་རབ་རྒྱལ་མཚན་མལ་ཁྲི་ལས་ལངས་ཏེ་ཕྱི་ལ་འཆམ་འཆམ་བྱེད་པར་སོང་། ཁྱིམ་གྱི་སྒོ་ནས་ཐོན་རྗེས། ཁོའི་ཀླད་པའི་ནང་ད་གིན་གློ་བུར་དུ་མངོན་པའི་མི་དེའི་གཟུགས་བརྙན་དང་། རྣ་ལམ་དུ་ཐོས་པ་དེས་བཤད་པའི་གཏམ་ཁོ་ན་ཡིན་སྟབས། ཕྱི་ཚུལ་གྱི་འཆམ་འཆམ་ཙམ་ལས་བསམ་བློ་གཏན་ནས་མ་གནས་པར། སེམས་ནང་རང་ཉིད་ནས་ལྷ་འདྲེ་གང་ཞིག་མཐོང་བའམ་ཡང་ན། འཇིག་རྟེན་འདིའི་ཐོག་རང་ཉིད་དང་འདྲ་བའི་མི་དེ་འདྲ་ཞིག་མངོན་སུམ་དུ་ཡོད་པ་གང་ཡིན་སྙམ་ནས་ཡ་མཚན་དང་སོམ་ཉིའི་གནས་སུ་ལྷུང་།
དབྱར་དུས་ཀྱི་ཉིན་དེར་ཁོ་རང་དང་བཟའ་ཟླ་བུ་ཕྲུག་གསུམ་པོ་གྲོང་གསེབ་ཏུ་ཡོད་པའི་ཕ་མའི་སར་གཉེན་ཕྲད་དུ་སོང་ནས་ལོག་ཡོང་བའི་ལམ་བར་དུ། གྲོང་ཚོ་ཞིག་གི་ལམ་ཟུར་ན་བུད་མེད་ཅིག་གིས་ལག་པ་གཡུག་སྟེ་རླངས་འཁོར་འགོག་པའི་ཚུལ་བྱེད། ཤེས་རབ་རྒྱལ་མཚན་ནམ་རྒྱུན་ནས་རང་གི་རླངས་འཁོར་ནང་དོན་མེད་ཀྱི་འགྲུལ་པ་འཇུག་རྒྱུར་དགའ་པོ་མེད་པས། ཁོས་རླངས་འཁོར་གྱི་ཁ་མ་བཀག་པར་བུད་མེད་དེར་བལྟས་ཙམ་བྱས་ཏེ་མུ་མཐུད་མདུན་དུ་སོང་། བུད་མེད་དེ་ཁོ་རང་གི་ཐོག་མའི་དགའ་རོགས་བདེ་སྒྲོལ་ཡིན་པ་ཤེས་རྗེས། རླངས་འཁོར་ཕྱིར་བསྣུར་ཏེ་བུད་མེད་དེའི་ཉེ་སར་ཁ་བཀག
བདེ་སྒྲོལ་མ་ཡིན་ནམ། ཁྱེད་རང་གང་དུ་འགྲོ་རྒྱུ་ཡིན་ཞེས་དྲིས།
བུད་མེད་དེས་རླངས་འཁོར་དེ་རང་ཉིད་ཀྱི་དེ་སྔའི་སློབ་གྲོགས་དང་དགའ་རོགས་ཤེས་རབ་རྒྱལ་མཚན་གྱི་ཡིན་པ་མ་ཟད། རླངས་འཁོར་ནང་དུ་ལོ་ཚོད་ཧ་ལམ་ཁོ་རང་དང་མཉམ་པའི་བུད་མེད་ཅིག་དང་ཕྲུ་གུ་བུ་ཞིག་ཡོད་པ་མཐོང་ནས། ཁོ་མ་བུ་གཉིས་ཤེས་རབ་རྒྱལ་མཚན་གྱི་ཆུང་མ་དང་བུ་ཡིན་ངེས་སྙམ་སྟེ་དོགས་མི་བདེ་བའི་ངང་། ང་རང་འཁྱིལ་སྣ་ཞང་དུ་བྱ་བ་ཞིག་སྒྲུབ་པར་འགྲོ་བསམས་པ་ཡིན། དེ་རིང་ཞོགས་པར་ལས་བྲེལ་དབང་གིས་འགྲུལ་སྐྱེལ་རླངས་འཁོར་གྱི་རྗེས་མ་ཟིན་པས། ལམ་ཟུར་དུ་རླངས་འཁོར་བསྒུག་དགོས་བྱུང་ཞེས་བཤད།
བྱས་ན་ཡར་རླངས་འཁོར་ནང་དུ་འཛུལ་ཤོག ང་ཚོ་གྲོང་ཁྱེར་ལ་ལོག་འགྲོ་མཁན་ཡིན་པས་ལམ་ཞོར་རེད་ཅེས་བརྗོད། བདེ་སྒྲོལ་རླངས་འཁོར་ནང་འཛུལ་རྗེས་ཁོས་ཆུང་མར། མོ་ནི་ངའི་དེ་སྔའི་སློབ་གྲོགས་རེད། ད་བར་ཕན་ཚུན་མ་ཐུག་པར་ལོ་མང་སོང་འདུག་ཅེས་བཤད་རྗེས། ཁོ་གཉིས་ངའི་བཟའ་ཟླ་དང་བུ་ཆུང་བ་རེད། བུ་རྒན་པ་ནང་སའི་སློབ་ཆེན་ཞིག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་ཕན་ཚུན་ངོ་སྤྲོད་བྱས།
རླངས་འཁོར་ལམ་ལ་ཐོན་སོང་། ཁོ་པའི་ཆུང་མས་བདེ་སྒྲོལ་མཐོང་བ་དང་པོ་ཡིན་ལ། བདེ་སྒྲོལ་དང་ཤེས་རབ་རྒྱལ་མཚན་བར་གཞན་ལ་བརྗོད་དུ་མེད་པའི་གསང་བ་མི་ཉུང་བ་ཞིག་ཡོད་པ་མོས་ག་ལ་ཤེས། བདེ་སྒྲོལ་དང་ཤེས་རབ་རྒྱལ་མཚན་གྱི་ཆུང་མ་ཕན་ཚུན་ཆ་རྒྱུས་མེད་པས། རེ་ཞིག་འཕྲུལ་སྒུལ་གྱི་སྒྲ་ཙམ་ལས་ཕན་ཚུན་སྨྲ་བ་མེད་པས། རླངས་འཁོར་ནང་མཁའ་དབུགས་དོག་པའི་སྣང་བ་ཞིག་བྱིན། དེ་ལྟའི་རྣམ་པ་ལས་བཤོལ་ཕྱིར། ཤེས་རབ་རྒྱལ་མཚན་གྱིས་བདེ་སྒྲོལ་ལ་དེང་དུས་ཀྱི་ལས་ཀའི་སྐོར་དང་། དེ་བཞིན་སློབ་གྲོགས་གཞན་ཚོའི་གནས་ཚུལ་གླེང་མགོ་ཚུགས། དེ་ལྟར་དུས་ཡུན་ཅི་ཙམ་སོང་མིན་མ་རྟོགས་ཀྱང་། རླངས་འཁོར་འཁྱིལ་སྣ་ཤང་གི་གནས་ཡུལ་དུ་སླེབས་པས། ཤེས་རབ་རྒྱལ་མཚན་གྱིས་རླངས་འཁོར་ཞང་གི་སྒོ་ཁར་བཀག བདེ་སྒྲོལ་རླངས་འཁོར་ལས་བབས་ཏེ། ཁྱེད་ཚོ་བཟའ་མི་བུ་ཕྲུག་ཚོ་སྔོན་ལ་ཟ་ཁང་ཞིག་གི་ནང་དུ་ཅུང་ཟད་ངལ་གསོ་གནང་བར་ཕེབས་དང་། དེ་རིང་ཡུན་རིང་མ་མཇལ་བའི་སློབ་གྲོགས་ཁྱེད་རང་དང་མཇལ་བར་མ་ཟད། ད་རེས་ཁྱེད་ཀྱི་བཟའ་ཟླ་བུ་ཕྲུག་ཀྱང་ངོ་ཤེས་པས། ངས་ཅིས་ཀྱང་རང་སེམས་མཚོན་བྱེད་དུ་སྣེ་ལེན་ཞིག་བྱེད་དགོས་ཟེར།
ཤེས་རབ་རྒྱལ་མཚན་ནས་ཁ་མ་གྲག་གོང་ཁོའི་ཆུང་མས། བཀའ་དྲིན་ཆེ། ཡིན་ནའང་ང་ཚོ་ཁྱིམ་ལ་འབྱོར་རྗེས་སློབ་གྲྭར་བུའི་དགེ་རྒན་ལ་མཇལ་དུ་ངེས་པར་འགྲོ་དགོས་པས་མི་ཁོམ་པ་འདུག་ཅེས་བརྗོད།
ཆུང་མའི་ཐག་གཅོད་དེ་ཤེས་རབ་རྒྱལ་མཚན་གྱི་བློ་ལས་འགལ་ཡང་། ཨ་ན་ཨུ་ཚུགས་བྱེད་མི་བདེ་བས་ཁོས་འཛུམ་དམུལ་དམུལ་ངང་། རེད། ང་ཚོ་ད་དུང་བུའི་སློབ་གྲྭར་འགྲོ་དགོས་པས། རྗེས་སུ་མཇལ་ཡོང་ཟེར་ནས་ལམ་ལ་ཐོན།
ལམ་བར་དུ་ཤེས་རབ་རྒྱལ་མཚན་ནས་རང་གི་ཆུང་མར། བདེ་སྒྲོལ་གྱིས་དེང་སྐབས་དར་སྡིངས་ཞང་དུ་ཞང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱི་ལས་འགན་འཁུར་བཞིན་པ་དང་། མ་ཕྲད་པར་ལོ་མང་སོང་བས་དེ་རིང་འཕྲད་དུས། བསམ་ཡུལ་ལས་འདས་པར་བདེ་སྒྲོལ་རྒས་ཉམས་དོད་པས་ལམ་སེང་ངོ་ཤེས་དཀའ་ཚུལ་སོགས་གླེང་། ཁོས་རླངས་འཁོར་སྐོར་བཞིན་སྨྲ་ལྕེ་བདེ་པོས་དེ་ལྟའི་གཏམ་གླེང་བྱེད་དུས། གློ་བུར་དུ་རླངས་འཁོར་གྱི་རྒྱབ་མཐོང་མེ་ལོང་ལས་ཁོ་རང་དང་འདྲ་བའི་མི་དེའི་གཟུགས་བརྙན་ཤར་ནས། ཁྱེད་ཀྱིས་རང་གི་ཆུང་མར་ད་དུང་ཡང་མགོ་སྐོར་གཏོང་གིན་ཡོད་དམ། བདེ་སྒྲོལ་ནི་ཁྱེད་རང་གི་སློབ་གྲོགས་ཙམ་མ་ཟད་དེ་སྔའི་དགའ་རོགས་མ་ཡིན་ནམ། ད་དུང་ཁྱེད་གཉིས་བར་ལ་གཞན་ལ་ཤོད་དུ་མེད་པའི་གསང་བ་མི་ཉུང་བ་ཞིག་མ་མཆིས་སམ་ཞེས་བརྗོད།
དེ་ལྟར་རྣམ་ཤེས་འདྲ་བའི་མི་དེའི་ཁ་ནས། ཁོ་རང་གི་སེམས་ཀྱི་གཏིང་སར་སྦས་པའི་གསང་དོན་དག་གང་བྱུང་དུ་ཤོད་དུས། ཁོའི་བསམ་པར་དེའི་དོན་རང་གི་ཆུང་མས་ཤེས་ཚེ། ཁྱོ་ཤུག་བར་ལ་འཛམ་གླིང་འཁྲུག་ཆེན་གསུམ་པ་ལངས་རྒྱུ་མ་ཟད། རང་གི་མིང་གྲགས་ཀྱང་འཛད་རྒྱུ་རེད་སྙམ་ནས་སྙིང་ཁ་འཕག་ཅིང་ངོ་གདོང་ཡང་དམར་པོར་གྱུར། དེ་ཙམ་མ་ཟད་རྒྱབ་མཐོང་མེ་ལོང་ངོས་སུ་ཁོ་རང་དང་བདེ་སྒྲོལ་ཐོག་མར་དགའ་པོ་བྱས་ཚུལ་དང་། བར་དུ་མངལ་འཁོར་ནས་སྨན་ཁང་དུ་མངལ་བཏོན་ཚུལ། མཐའ་མར་ལོ་གཉིས་གོང་གི་སློབ་གྲོགས་འདུ་འཛོམས་བྱེད་པའི་ཉིན་དེའི་མཚན་མོར། ཁོ་རང་དང་བདེ་སྒྲོལ་གབ་མཐུན་གྱིས་མགྲོན་ཁང་ཞིག་ནང་མཉམ་དུ་བསྡད་དེ། སྙིང་གཏམ་གླེང་བ་མ་ཟད་ཚུལ་མིན་གྱི་ལས་ལ་ཞུགས་ཚུལ་སོགས། གློག་བརྙན་གྱི་པར་གཞི་བཞིན་རེ་རེ་བཞིན་དུ་ཤར་བས། དེ་དག་རང་གི་ཆུང་མ་དང་བུས་ཤེས་དོགས་ཀྱིས་ཁོས་འཚབ་འཚུབ་ངང་རླངས་འཁོར་གྱི་ཕྱི་རས་དེ་རྒྱབ་མཐོང་མེ་ལོང་ངོས་སུ་བཀབ། དེ་དུས་རླངས་འཁོར་གཞོགས་གཡས་སུ་ཡོ་བའི་སྣང་བ་ཞིག་ཤར་བས། ཁོས་མྱུར་བར་རླངས་འཁོར་གྱི་ཁ་བཀག
ཆུང་མས“ཨ་མ”ཞེས་སེམས་གཙེས་པར་བྱེད་པའི་སྐད་འབོད་བྱས་ཤིང་། གཉིད་ལ་ཡུར་བའི་བུ་ཡང་གཉིད་སད་དེ་སྐྲག་སྣང་གིས་ངོ་གདོང་སྐྱ་བོར་སྣང་།
ཤེས་རབ་རྒྱལ་མཚན་གྱི་སེམས་སུ། ད་ཡིན་ན་སྟབས་མ་ལེགས་སོང་སྙམ་ནས་མྱུར་བར་རླངས་འཁོར་གྱི་ཕྱིར་ཐོན་ནས་བལྟས་པས། གཡས་འཁོར་གཉིས་ཀ་ལམ་ཟུར་ཆུ་ཡུར་ནང་ལྷུང་སྟེ། ཨེན་ཙམ་མ་གཏོགས་ཚབས་ཆེའི་འགྲིམ་འགྲུལ་གྱི་དོན་རྐྱེན་ལྷག་འདུག་པས། ཁོ་པས་བསམ་བློ་གཏོང་བཞིན་དུ་སྐྲག་སྣང་ཇེ་ཆེར་གྱུར།
ཆུང་མས་ཁྱེད་ཀྱིས་ངེད་མ་བུ་གཉིས་གསོད་འདོད་པ་ཨེ་ཡིན། རླངས་འཁོར་སྐོར་གྱིན་ཕྱི་རས་མེ་ལོང་ཐོག་ཏུ་འགེབ་དོན་ཅི། ཁྱེད་རང་སྨྱོས་པ་ཡིན་ནམ་ཞེས་སྡིགས་མོ་བྱེད་མགོ་ཚུགས།
ནམ་ཟླ་རིམ་གྱིས་འགྱུར་ནས་ད་ནི་ལོ་མཇུག་ལ་གཏུགས་པས། ལས་ཁུངས་སྤྱི་དང་ལས་མི་སྒེར་གྱི་ལས་དོན་ལ་ཕྱོགས་སྡོམ་དང་བཅས་སྔོན་ཐོན་མི་སྣ་དཔྱད་འདེམ་བྱེད་པའི་དུས་སུ་སླེབས། ཕྱོགས་སྡོམ་དཔྱད་འདེམ་གྱི་ཚོགས་འདུའི་ཐོག ཤེས་རབ་རྒྱལ་མཚན་ནས་ཧྲུའུ་ཅི་སྟོབས་རྒྱས་ལགས་ལ་དཔྱད་མོལ་འདི་ལྟར་བྱས་པ་སྟེ། འདི་ལོ་ང་ཚོའི་ལས་ཁུངས་ཀྱི་ལས་དོན་ཁག་འཆར་གཞི་ལྟར་ལེགས་འགྲུབ་གང་ལེགས་བྱུང་ནས། གོང་རིམ་ཚན་པ་དང་དབུ་ཁྲིད་ཀྱིས་གདེང་འཇོག་གང་ལེགས་གནང་ཡོད། ང་ཚོར་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ཧྲུའུ་ཅི་སྟོབས་རྒྱས་ལགས་ཀྱི་ཐད་ཀའི་མགོ་ཁྲིད་འོག ལས་དོན་གྱི་ཐབས་ཇུས་དང་ཁ་བྲལ་ཐབས་མེད། ལྷག་པར་དུ་འདི་ལོར་དེ་སྔོན་དང་མི་འདྲ་བར་ལས་མི་ཡོངས་ཀྱི་བསམ་བློའི་ཉམས་འགྱུར་དང་། ལས་ཀའི་སྤྱོད་ཚུལ་ཐད་ལ་འགྱུར་བ་ཆེན་པོ་བྱུང་ནས། དེ་སྔོན་ལྟར་སྔ་ལོག་འཕྱི་འབྱོར་དང་ཡང་ཡང་དགོངས་ཞུ། ལས་དུས་སུ་ཕན་ཚུན་གཏམ་གླེང་དང་ཡང་ན་ལག་ཐོགས་ཁ་པར་རྩེད་པ་ལ་སོགས་ཀྱི་སྣང་ཚུལ་རྩ་བའི་ཆ་ནས་མེད་པར། ཚང་མའི་འགན་འཁྲིའི་འདུ་ཤེས་ཤུགས་ཆེར་སོང་འདུག དེ་བཞིན་ཧྲུའུ་ཅི་ལགས་ཀྱི་མགོ་ཁྲིད་འོག འདི་ལོར་ལས་ཁུངས་ལས་བཟོའི་ཟ་ཁང་འཛུགས་གཉེར་ཐུབ་ནས། ལས་མི་ཚོའི་འཚོ་བའི་ཁུར་པོ་ཡང་དུ་སོང་བ་དང་། ལོ་མང་བེད་སྤྱོད་བྱས་ཏེ་གོག་ཏོར་གྱུར་བའི་རླངས་འཁོར་དེ་ཡང་གསར་བརྗེ་བྱུང་ནས། ལས་ཀའི་ཕན་འབྲས་དང་མགོ་ཁྲིད་དང་ལས་བྱེད་ལས་བཟོའི་བདེ་འཇགས་འགན་སྲུང་ཐུབ་པས། ང་རང་གིས་བྱས་ན་འདི་ལོའི་སྔོན་ཐོན་ལས་མིར་ཧྲུའུ་ཅི་ཁོང་བདམས་ན་འོས་པ་ཞིག་འདུག ཡིན་ནའང་ཚང་མའི་བསམ་ཆར་ལ་བསྟུན་དགོས་པས། ཁྱེད་ཚོས་རང་རང་གི་བསམ་ཚུལ་གསུང་རོགས་ཞེས་བརྗོད།
ཤེས་རབ་རྒྱལ་མཚན་གྱི་བསམ་པར། ངས་ནམ་ཞག་རྒྱུན་དུ་ལས་ཀའི་ཕྱོགས་ཡོངས་ལ་ནུས་པ་ཆེན་པོ་འདོན་སྤེལ་བྱས་པ་མ་ཟད། ལས་ཀའི་གྲུབ་འབྲས་ཀྱང་ཀུན་གྱིས་ཤེས་གསལ་ཐོག ལས་བྱེད་ལས་བཟོ་མང་ཆེ་བས་ང་རང་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། རྒྱུན་དུ་ཚང་མས་ཧྲུའུ་ཅིར་མི་འདོད་བསམ་ཆར་མང་བས། ངས་ཧྲུའུ་ཅིར་གདེང་འཇོག་འདི་ལྟར་བྱས་ན་ཧྲུའུ་ཅིས་ངོ་མི་ཟློག་པར་ང་རང་ལ་དེ་ལས་ལྷག་པའི་གདེང་འཇོག་བྱེད་ངེས་སྙམ། ཡིན་ནའང་གཤམ་འོག་གི་མགོ་ཁྲིད་སྐུ་གཞོན་དང་། ལས་བྱེད་ལས་བཟོ་གཞན་གྱི་སེམས་ནང་། ཀྲུའུ་རེན་གྱིས་འདི་ལྟར་བརྗོད་པས་དེ་ལ་མ་འདོད་ཀྱི་རྣམ་འགྱུར་བསྟན་ན་རང་མགོ་ཆུ་འདྲེན་གྱི་དཔེ་རུ་འགྲོ་ཉེན་ཆེ་བས། ཞངས་པ་ལས་བཞུགས་ན་སྤམ་ཟེར་བའི་དཔེ་ལྟར། སྤྱི་ཐུག་ལ་སྒེར་ཚྭ་བརྒྱབ་པ་ལས་མགོ་ཁྲིད་ཀྱི་བློ་དང་བསྟུན་ན་འོས་སྙམ་ནས། ལས་བཟོ་ཚང་མས་རེད། ཀྲུའུ་རེན་ལགས་ཀྱིས་གསུངས་པ་བདེན་པར་འདུག འདི་ལོའི་སྔོན་ཐོན་ལས་དོན་པར་ཧྲུའུ་ཅི་སྟོབས་རྒྱས་ལགས་གདམ་རྒྱུར་ཡོངས་སུ་མོས་མཐུན་ཡོད་ཅེས་བརྗོད་པས། མཐར་ལོ་དེའི་སྔོན་ཐོན་མི་སྣར་ཧྲུའུ་ཅི་སྟོབས་རྒྱས་ལགས་གཏན་འཁེལ་བྱུང་སོང་།
ལས་བྱེད་ལས་བཟོ་གཞན་དང་ཧྲུའུ་ཅི་སྟོབས་རྒྱས་ལགས་ནས། ཁོ་རང་སྔོན་ཐོན་པར་གདམ་རྒྱུའི་སྐོར་ལ་གླེང་སློང་བྱེད་མཁན་མེད་པ་མཐོང་དུས། ཁོ་པར་བློ་ཕམ་ཆེན་པོ་སྐྱེས།
དེ་དུས་སྒེའུ་ཁུང་བརྒྱུད་དེ་འཚེར་ཡོང་བའི་ཉི་འོད་དེའི་ཁྲོད་ནས། ཁོ་རང་འདྲ་བའི་གཟུགས་བརྙན་དེ་རི་མོ་བཞིན་དུ་ཤར་བས། གཟུགས་བརྙན་དེ་མཐོང་དུས། ཁོ་པར་སུན་སྣང་དང་འཚེར་སྣང་ཞིག་རང་བཞིན་དུ་སླེབས། རི་མོ་འདྲ་བའི་གཟུགས་བརྙན་དེས་ཁ་ལ་བལྟས་ཏེ་ཁྲེལ་དགོད་དང་བཅས། ནམ་ཞག་རྒྱུན་དུ་ཁྱོད་ནས་ཧྲུའུ་ཅི་སྟོབས་རྒྱས་ནི། ཆུ་འཁོལ་འཐུང་རྒྱུ་དང་ལས་ཁུངས་ཀྱི་ཚབ་བྱས་ཏེ་གོང་རིམ་གྱིས་བསྐོངས་འཚོགས་གནང་བའི་ཚོགས་འདུར་ཞུགས་རྒྱུ་ཙམ་ལས་གཞན་གྱི་ལས་དོན་ཅི་ཡང་མི་འཇོན་པ་སྟེ། ལོ་དེ་དག་ནང་ལས་བྱེད་ལས་བཟོ་ཚོས་ལོ་ལྟར་ལས་མིའི་ཟ་ཁང་འཛུགས་གཉེར་བྱ་རྒྱུ་དང་། ལོ་མང་བེད་སྤྱོད་བྱས་ཏེ་གོག་ཧྲུལ་ལ་གྱུར་ནས། ལོ་ལྟར་ལས་ཁུངས་ཀྱི་འགྲོ་དངུལ་ཕོན་ཆེ་བཏང་སྟེ་ཉམས་གསོ་བྱེད་དགོས་པའི་རླངས་འཁོར་གསར་བརྗེ་བྱ་རྒྱུ་ལ་སོགས་པར་བསམ་ཆར་མང་དུ་བཏོན་ཡང་། ཧྲུའུ་ཅིས་ལས་བྱེད་ལས་བཟོར་ཁ་སྐམ་པོའི་སེམས་ཁུར་ཙམ་ལས། ཚང་མ་རྣ་རྒྱབ་རླུང་བུའི་ཚུལ་དུ་བཏང་ནས་རང་དོན་ཁོ་ན་གཉེར་བ་དང་། ལས་མེད་རྟ་རྒན་བཞིན་དུ་ཧྲུའུ་ཅིའི་རྐུབ་སྟེགས་བཟུང་ནས་སྡོད་རྐྱང་བྱེད། གལ་སྲིད་ཁྱེད་རང་གི་འཇོན་ཐང་དང་འབྲེལ་བར་མ་བརྟེན་ཚེ། ལས་ཁུངས་ལས་བཟོའི་ཟ་ཁང་འཛུགས་གཉེར་དང་རླངས་འཁོར་གསར་བརྗེ་བྱ་རྒྱུ་སོགས་ཉིན་མོའི་རྨི་ལམ་རེད་ཅེས་བརྗོད་པ་མིན་ནམ་ཟེར།
རི་མོ་འདྲ་བའི་མི་དེའི་གཏམ་དེ་དག་ལས་བྱེད་ལས་བཟོ་དང་། ལྷག་པར་དུ་ཧྲུའུ་ཅི་སྟོབས་རྒྱས་ལགས་ནས་ཐོས་མི་སྲིད་དམ་སྙམ་ནས། ཁོ་པ་སེམས་འཚབ་ཅིང་ངོ་གདོང་ཧྲེང་པོར་གྱུར་ནས་ལུས་པོ་སིག་སིག་འདར། དེ་དུས་ལས་བྱེད་ལས་བཟོ་དང་ཧྲུའུ་ཅིས་ཁོའི་ལུས་ཀྱི་འགྱུར་བ་ཚོར་ནས། ཁོ་པ་ནད་ཀྱིས་མནར་བ་མིན་ནམ་སྙམ་སྟེ། མིག་མདའ་ཁོ་པར་ཕྱོགས་ནས་ཡོད་པས། ཁོའི་བསམ་པར་རྣམ་ཤེས་ལྟ་བུའི་མི་དེའི་གཏམ་དེ་དག་ཧྲུའུ་ཅི་དང་ལས་བྱེད་ལས་བཟོ་ཚོས་ཐོས་པ་འདྲ་བསམས་ནས། འཇིགས་དངངས་ཀྱིས་ལུས་ནས་རྔུལ་ཆུ་མང་དུ་བཞུར་ཞིང་སྙིང་ཁ་གཡུག་པ་མ་ཟད་སྙིང་ལ་ཟུག་གཟེར་ལངས། དེ་ལྟར་མི་མང་པོའི་མིག་མདའི་ཁྲོད་དུ་མུ་མཐུད་སྡོད་ཐབས་མེད་པས། ཚོགས་འདུ་མ་གྲོལ་གོང་ཁོ་པ་ཚོགས་ར་དང་མི་འབྲལ་ཀ་མེད་དུ་གྱུར།
དེང་སྐབས་ཤེས་རབ་རྒྱལ་མཚན་གྱིས་ལས་ཁུངས་དང་སྤྱི་ཚོགས། ཁྱིམ་ཚང་སོགས་སུ་སྨྱོས་པ་བཞིན་དུ་ཁེར་ལབ་མང་དུ་བྱེད་པ་དང་། སྐབས་རེར་ལྐུགས་པས་ལྷ་མཐོང་བ་བཞིན་དུ་ཧོན་ཐོར་རེར་གནས་ཤིང་། སྐབས་རེར་སྙིང་ནད་ལངས་པ་ལྟར་སེམས་དངངས་ཤིང་འཚབ་ནས་ལུས་ལས་རྔུལ་ཆུ་བཞུར། མཚམས་རེར་དྲན་པ་མི་གསལ་བ་སོགས་བྱེད་པས། ཆུང་མའི་བསམ་པར་ཁོ་པར་ཚབས་ཆེའི་ནད་ཅི་ཞིག་ཕོག་པའི་སྐྲག་སྣང་གིས། ཨ་ན་ཨུ་ཚུགས་ཀྱིས་སྨན་པར་བསྟེན་དུ་ཁྲིད། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད། ལུས་ཀྱི་ནད་གཞི་མིན་པར་སེམས་ཀྱི་ནད་གཞི་ཡིན་ཚོད་འདུག་པས། སེམས་ཁམས་ཀྱི་སྨན་པར་བསྟེན་ན་ལེགས་ཚུལ་བརྗོད།
སེམས་ཁམས་སྨན་པས་བརྟག་དཔྱད་ཡང་ཡང་བྱས་རྗེས། ནད་གཞི་དེ་སེམས་ཁམས་ཀྱི་ནད་གཞི་ཞིག་ཡིན་ངེས་ཀྱང་། ནད་གཞི་གང་གི་ཁོངས་སུ་གཏོགས་མིན་གསལ་པོ་མི་ཤེས། གང་ལྟར་སེམས་ཁམས་ཀྱི་ནད་རྟགས་སུ་འདུག་ཅེས་སྨན་མི་ཉུང་བ་ཞིག་སྤྲད། ཡུན་རིང་སྨན་ཟོས་ཀྱང་ནད་གཞི་དྲག་ཏུ་འགྲོ་རྒྱུ་མེད་པར་ཚབས་ཇེ་ཆེར་སོང་བས། མཐར་ཁོ་པ་སྨྱོ་ནད་སྨན་ཁང་དུ་བསྐྱལ། སྨྱོ་ནད་སྨན་ཁང་དུ་སྨྱོ་ནད་ཕོག་པའི་ནད་པ་མང་མོད། ཁོ་དང་འདྲ་བའི་ནད་གཞི་ཕོག་པའི་ནད་པ་ཅི་ཙམ་ཡོད་མེད་མི་ཤེས། གང་ལྟར་ནད་པ་མང་ཆེ་བས་རང་ཉིད་ལ་སེམས་ཁམས་ཀྱི་ནད་གཞི་ཡོད་པ་ཁས་ལེན་གཏན་ནས་མི་བྱེད།
དེ་ཉིན་ཞོགས་པ་ནད་ཁང་གི་མེ་ལོང་ནང་ནས་ཁོ་རང་འདྲ་བའི་གཟུགས་བརྙན་དེ་སླར་ཡང་མངོན་བྱུང་། ཤེས་རབ་རྒྱལ་མཚན་གྱིས། ང་ལ་སྨྱོ་ནད་མེད་བཞིན་དུ་ང་སྨན་ཁང་འདིར་འཇུག་དགོས་དོན་གང་ཡིན། ང་རང་སྔར་གྱི་ལས་གནས་དང་ཁྱིམ་ཚང་ནང་ལོག་འདོད་ཆེ་བས། ཁྱེད་ཀྱིས་ང་ལ་རོགས་རམ་བྱེད་ཐུབ་བམ་ཞེས་ཞུ་འབུལ་གྱི་ཚུལ་དུ་བརྗོད།
ངས་ཁྱེད་རང་ལ་རོགས་རམ་མ་བྱས་པ་མིན། ངས་དུས་རྟག་ཏུ་ཁྱེད་རང་ལ་དྲན་སྐུལ་དང་རོགས་རམ་ཇི་ལྟར་བྱས་ཀྱང་། ཁྱེད་ཀྱིས་ག་དུས་ཡིན་ཡང་ང་ནི་མཁའ་རླུང་ཞིག་གི་ཚུལ་དུ་སྣང་མེད་ལ་འཇོག་རྐྱང་བྱེད་པས། ད་ཆ་ངས་ཁྱེད་ལ་རོགས་རམ་བྱེད་ཐབས་མི་འདུག མ་གཞི་ནས་སྨན་ཁང་འདི་ཁྱེད་རང་ལ་འཚམ་ཤོས་རེད། འདི་གར་བསམ་བློ་འདྲ་མིན་སྣ་ཚོགས་གཏོང་མི་དགོས་ལ། རང་གི་བློ་ལས་འགལ་བའི་གཏམ་ཡང་བརྗོད་མི་དགོས་པར། སྨྱོས་པའི་ཚུལ་དུ་རང་སེམས་གར་འགྲོའི་ས་ལ་བཏང་ཆོག་ཅེས་བརྗོད།
མི་རིང་བར་ཤེས་རབ་རྒྱལ་མཚན་ཚེ་ལས་འདས། རྗེས་འཇུག་སྐབས་མི་ལ་ལས་རང་སེམས་ལས་ལྡོག་པའི་མིག་ཆུ་འདོན་གྱི་འདུག་ལ། ལ་ལས་རང་སེམས་ལས་འགལ་བའི་གཏམ་བརྗོད་ཀྱང་བྱེད་ཀྱིན་འདུག དེ་དུས་ཤེས་རབ་རྒྱལ་མཚན་གྱི་ཕུང་པོའི་འཁྲིས་སུ་འཁོར་བའི་ཁོའི་རྣམ་ཤེས་འདྲ་བའི་གཟུགས་བརྙན་དེས། ཤེས་རབ་རྒྱལ་མཚན་ལ་ཕྱོགས་ཏེ། ལྟོས་དང་། མི་ཡུལ་དུ་འཚོ་གནས་བྱ་རྒྱུ་ནི་ཅི་འདྲའི་དཀའ་ཁག་ཆེ་བ་ཞིག་མིན་ནམ། ད་ཆ་ཁྱེད་དང་ང་རང་གཞི་གཅིག་ཏུ་གྲུབ་པས། ཁྱེད་རང་ལ་ཐར་པ་ཐོབ་པ་རེད་ལ་ང་རང་ལའང་ཐར་པ་ཐོབ་པ་རེད་ཅེས་འཛུམ་དམུལ་དམུལ་དུ་བརྗོད། དེ་དུས་ཁོའི་གཡས་གཡོན་གཉིས་སུ་སྣམ་བུ་དཀར་ནག་འདྲ་བའི་ལམ་གཉིས་གསལ་བས། ཁོ་པ་ཡང་སྙིང་ལམ་གང་ཞིག་ཏུ་འགྲོ་དགོས་པ་ཁོ་རང་ནས་ཀྱང་མ་ཤེས་པར་ལུས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注