རོང་བོ་དགུ་ཆུའི་ཆུ་རྒྱུན་ལ་འཁུ་བའི་རེབ་གོང་ཐང་གའི་སྒྱུ་རྩལ།
ལོ་ན་སོ་བརྒྱད་ལོན་པའི་ཤ་བོ་བཀྲ་ཤིས་ཀྱིས་ཐང་གའི་སྒྱུ་རྩལ་སྦྱངས་ནས་ལོ་ཉི་ཤུ་ལྷག་ཕྱིན་ཡོད་ལ། ཀྲུང་གོའི་ཐང་གའི་སྒྱུ་རྩལ་གྱི་ཕ་ས་ཞེས་མཚན་སྙན་ཀུན་ཏུ་གྲགས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་ཤ་བོ་བཀྲ་ཤིས་ལྟ་བུའི་མི་རིགས་ལག་ཤེས་སྒྱུ་རྩལ་ལ་ཤ་འཐམ་རུས་འཐམ་གྱིས་འབད་པ་བྱེད་མཁན་མང་པོ་ཡོད།
དཔྱིད་ཀྱི་དཔལ་ཡོན་ས་གཞིར་རྒྱས་པ་དང་ལྷན་དུ་རོང་བོ་དགུ་ཆུའི་འགྲམ་གྱི་སྐྱེ་དངོས་ཀུན་ལ་གསོན་ཤུགས་རྒྱས་ཤིང་ཕྲ་ཚོམ་མེ་ཏོག་རྣམ་པར་བཞད་ལ། གསེར་འོད་ལམ་ལམ་འཕྲོ་བའི་རོང་བོ་དགོན་ཆེན་གྱི་འདུ་ཁང་དང་རིམ་པ་བསྟར་གྲལ་དུ་ཆགས་པའི་ཐང་གའི་སློབ་གླིང་དག་གིས་ཕན་ཚུན་ཟུར་གྱིས་བརྒྱན་ཅིང་གཟི་ཉམས་བསྐྲུན་ལ། གནས་འདིར་གཟུགས་མེད་རིག་གནས་བརྒྱུད་སྦྱངས་ལྟེ་གནས་བརྒྱ་ལྷག་ཡོད་པ་རེད།
ཐུན་རིན་གྲོང་ཁྱེར་གཉེན་ཐོག་ཞང་གཉེན་ཐོག་གྲོང་ཚོའི་གྲོང་མི་ཚོས་ཐང་ག་འཚེབ་དྲུབ་མ་བཞེང་བཞིན་པའི་འདྲ་པར།
2009ལོར་ཐང་ག་དང་འཚེབ་དྲུབ་འཇིམ་བཟོ་སོགས་རེབ་གོང་སྒྱུ་རྩལ་གྱི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་དང་རིག་གནས་རྩ་འཛུགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོག་ནང་བཀོད་ཡོད། དེང་སང་ས་གནས་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གཏོང་བའི་གསར་གཏོད་རྟེན་གཞི་སོགས་བཙུགས་ནས་གཟུགས་མེད་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་འབད་བཞིན་ཡོད།
གསར་འགོད་པ་རོང་བོ་གྲོང་རྡལ་ནས་ལྷ་རིས་པ་ཤ་བོ་བཀྲ་ཤིས་དང་འཕྲད་དུས་ཁོས་བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་ཞིག་གི་ཐིག་རྩ་འཐེན་བཞིན་པའི་སྒང་ཡིན་ལ། རྐང་པ་གཉིས་པོ་ཞ་སྐྱོན་ཕོག་པའི་ལྷ་རིས་པ་འདིས་ལག་གཡོན་པས་ཚོན་ཀོང་དང་གཡས་པས་པིར་སྨྱུག་བཟུང་ནས་ཐང་ག་འབྲི་བཞིན་མཆིས།
ཤ་བོ་བཀྲ་ཤིས་ཀྱིས་ལོ་བཅོ་ལྔའི་གོང་ལྷ་རིས་དགེ་རྒན་གྱི་མདུན་ནས་ལྷ་རིས་སྦྱོང་བ་ནས་རིག་གནས་སྤྱི་གཉེར་ཁང་བཙུགས་པའི་བར་ཁོས་རང་ཉིད་ལ་དབང་བའི་མི་ཚེའི་བགྲོད་ལམ་ཞིག་བསྐྲུན་ཡོད་པ་མ་ཟད་ད་དུང་ཆ་རྐྱེན་ཞན་པ་དང་དབང་པོར་སྐྱོན་ཡོད་པའི་སློབ་མ་ཉེར་བརྒྱད་ལ་ཐང་ག་འབྲི་སྟངས་སློབ་པ་རེད།
ཤ་བོ་བཀྲ་ཤིས་ཀྱིས་ཐང་གའི་ལག་ཤེས་སྒྱུ་རྩལ་སྦྱངས་ནས་ལོ་ལྔ་ལོན་མཁན་གྱི་སློབ་མ་རྣམས་ལ་འོས་འཚམ་གྱི་ཡོང་འབབ་ཡོད་པ་རེད། ད་དུང་ཁོང་ཚོས་འབྲི་རྔ་མ་བུད་པའི་ཐང་ག་རྣམས་དགེ་རྒན་གྱིས་ལེགས་བྲིས་དང་མཇུག་གྲུབ་པར་བྱས་རྗེས་བཟོ་བཀོད་མཛེས་རྩལ་གྱི་ཚོང་རྫས་སུ་བསྒྱུར་ནས་རྒྱལ་ཕྱི་ནང་ཀུན་ལ་འཚོང་གི་ཡོད་ཅེས་བཤད།
ཉེ་འགྲམ་དུ་ཡོད་པའི་གཉེན་ཐོག་གྲོང་ཚོའི་འཚེམ་དྲུབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཤ་བོ་ཚེ་བརྟན་གྱིས་གྲོང་ཚོའི་མི་རྣམས་ལ་འཚེབ་དྲུབ་ལག་ཤེས་ཁྲིད་བཞིན་ཡོད་ལ། གྲོང་ཚོའི་ནང་གི་གྲོང་མི་བརྒྱ་ཆ་བདུན་ཅུའི་ཡན་ནི་སྲོལ་རྒྱུན་ལག་རྩལ་ལ་བྱང་ཆུབ་པས། གྲོང་ཚོ་འདིའི་ནང་རེབ་གོང་རིག་གནས་ཀྱི་ཤེས་ལྡན་འཇོན་མི་གསོ་སྐྱོང་གི་དཔེ་སྟོན་ཁྱིམ་ཚང་ཞེས་པའི་སྒོ་བྱང་ཞིག་གསལ་པོར་བཀལ་འདུག
འཚེམ་དྲུབ་རྒྱུན་འཛིན་པ་ཤ་བོ་ཚེ་བརྟན་གྱིས་ཁ་ཞེང་ཧ་ཅང་ཆེ་བའི་ཐང་ག་འཚེམ་དྲུབ་མ་ཞིག་བཞེང་བཞིན་པ།
ཤ་བོ་ཚེ་བརྟན་གྱི་རིག་གནས་སྤྱི་གཉེར་ཁང་ལ་ལས་བཟོ་བ་ཉི་ཤུ་ཙམ་ཡོད་ལ་ད་དུང་ཆིངས་བཀོད་ལྷ་རིས་པ་ལྔ་བརྒྱ་དང་འཚེབ་དྲུབ་བརྩམས་ཆོས་ཁྲི་གཉིས་ལྷག་ཡོད་པ་རེད། ཤ་བོ་ཚེ་བརྟན་གྱིས་གྲོང་མི་ཚོས་ཁྱིམ་ནང་དང་ཡང་ན་ལྷ་རིས་ཁང་དུ་འཚེམ་དྲུབ་བྱས་ན་ཉིན་གླ་སྒོར200ནས300ཙམ་ཡོད་ལ། དུས་ཡུན་རིང་པོར་ལས་མཁན་རྣམས་ལ་མ་མཐའ་ཡང་སྒོར6000གི་ཟླ་ཕོགས་ཡོད་ཟེར།
སྲོལ་རྒྱུན་གྱི་ལྷ་རིས་དང་དེང་རབས་ཀྱི་མཛེས་རྩལ་གཉིས་ཟུང་འབྲེལ་འབྱུང་དུས་ལོ་ངོ་སྟོང་གི་སྒྱུ་རྩལ་ལ་གསོན་ཤུགས་ཀྱི་གཟི་མདངས་སླར་ཡང་རྒྱས་པ་རེད། སངས་རྒྱས་ཀྱི་ལྷ་རིས་ཁང་ནས་གནས་སྐོར་བས་མཛེས་རྩལ་གྱིས་ཕྱུག་པའི་ཐང་གའི་འགྲེམ་སྟོན་མཇལ་ཆོག་པ་མ་ཟད་ད་དུང་ལྷ་རིས་པའི་ཁྲིད་སྟོན་འོག་ཐང་ག་འབྲི་བཞེང་ལ་ཉམས་ཞིབ་བྱ་ཆོག ལྷ་རིས་པ་སངས་རྒྱས་ལགས་ཀྱིས་འདི་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་བྱེད་སྒོ་སྣ་ཚོགས་ལ་ཞུགས་ནས། ཤུལ་བཞག་རིག་གནས་ལ་རྒྱུས་ལོན་དང་དེ་ཡི་མཚར་སྡུག་ཉམས་སུ་མྱོང་ཆོག་ཟེར།
ན་ནིང་ཐུན་རིན་གྲོང་ཁྱེར་གྱིས་གནས་སྐོར་བ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་བརྒྱད་སྣེ་ལེན་བྱས་ཤིང་། གནས་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་བཅུ་བཞི་དང་བྱེ་བ་དྲུག་ས་ཡ་བདུན་ཐོབ་ཡོད་པ་རེད། དེ་ནི་རྨ་ལྷོ་ཁུལ་གྱི་གནས་སྐོར་ཡོང་འབབ་ཀྱི35%དང49%ཡིན་པ་རེད།
ཐུན་རིན་གྲོང་ཁྱེར་གྱི་རིག་གནས་ཁང་གི་མགོ་གཙོ་ཚེ་རིང་ཐར་གྱིས་ཤུལ་བཞག་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ལམ་ཐིག་འདིས་བག་ལ་ཉལ་བའི་སྲོལ་རྒྱུན་ལག་རྩལ་ལ་སླར་ཡང་གསོན་ཤུགས་རྒྱས་པར་བྱས་ཡོད་ཟེར།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注