བོད་ཀྱི་འཚམས་འདྲི་ཞུ་ཚིག་གི་བྱེད་ནུས་དང་འཕེལ་འགྱུར་སྐོར་རགས་ཙམ་གླེང་བ།

གུ་རུ་སྐྱིད། རྔ་བ་དགེ་འོས་སློབ་གླིང་།

གུས་ལུགས་ནི་མི་རྣམས་ཀྱིས་ཕན་ཚུན་བར་འབྲེལ་འདྲིས་བྱེད་སྐབས་བག་ཆགས་ཅི་ལྟ་བུ་ཞིག་འཇོག་པའི་གནད་དམ་པ་དང་། མི་རིགས་གང་དེའི་མི་ཆོས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེའང་ས་ཁོངས་དང་མི་རིགས་གང་དེར་མཐུན་མིན་གྱི་གུས་ལུགས་ཁྱད་དུ་མངའ་བ་རེ་ཡོད་ཅིང་། མི་རིགས་གང་དེའི་ས་ཁོངས་ཀྱི་དབང་གིས་སྐད་བརྡ་ལ་ཁྱད་པར་བྱུང་སྟེ་འཚམས་འདྲིའི་ཚིག་ལ་ཁྱད་པར་གང་ཞིག་ཡོད་ནའང་། འཚམས་འདྲི་ཞུ་སྟངས་དེ་ཉམས་དང་འགྱུར་བ་གང་ཞིག་གིས་མཚོན་པ་ནི་ཚང་མ་གཅིག་མཐུན་དུ་གྱུར་ཡོད།

དང་པོ། འཚམས་འདྲིའི་ཞུ་ཚིག་གི་བརྡ་དོན།

དེ་ཡང《ཡི་གེའི་མཆན་འགྲེལ》(说文解字)ལས་འཚམས་འདྲིའི་ཞུ་ཚིག་བྱུང་བའི་དུས་ནི་ཡི་གེ་བྱུང་བའི་དུས་ལས་སྔ་བར་བརྗོད།ལོ་རྒྱུས་ཡིག་ཚང་དུ་བཀོད་པ་ལྟར་ན།ཀྲུང་གོའི་གནའ་བོའི་ཡིག་ཚང་ཁྲོད་དུ་ཆེས་ཐོག་མར་སྤྱོད་པའི་འཚམས་འདྲིའི་ཞུ་ཚིག་ནི“无它乎”ཡིན་པར་བརྗོད་ཅིང་། འཚམས་འདྲིའི་ཞུ་ཚིག་ནི་མི་དང་མི་ཕན་ཚུན་འཕྲད་སྐབས་ཕན་ཚུན་ལ་ཐོག་མར་འབྲེལ་འདྲིས་བྱེད་པའི་བརྡ་རྟགས་ཁྱད་པར་བ་ཞིག་གམ། ཉམས་དང་འགྱུར་གྱིས་མཚོན་པའི་ཆེས་སྟབས་བདེའི་རང་བཞིན་གྱི་གུས་ལུགས་ཀྱི་མཚོན་སྟངས་ཤིག་རེད།“འཆད་བྱེད་བརྡ་དག་པ་གང་ནས་བཤད་ཀྱང་འབྲེལ་ཅི་ཙམ་བཤད་ཀྱང་རན་ཇི་ལྟར་བཤད་ཀྱང་འཐད་པ་དབྱངས་སྙན་པ”ཞེས་པ་ལྟར། འཆད་བྱའི་ངག་དེ་རན་པར་བཤད་ཅིང་སྙན་པར་སྨྲ་བ་ནི་གུས་ལུགས་རིག་གནས་ལས་ངག་གི་རིག་གནས་ཀྱི་མཚོན་སྟངས་ཁྱད་པར་བ་ཞིག་སྟེ། བོད་ཀྱི་གུས་ལུགས་རིག་གནས་ལས་འཚམས་འདྲིའི་ངག་ལའང་ཁྱད་ཆོས་དེ་ལས་མ་འདས། གཞན་རྒྱ་ཡིག་གི་ཚིག་མཛོད་ཐོག་མ《ཨེར་ཡ》(尔雅)ཞེས་པར་འཚམས་འདྲིའི་ཞུ་ཚིག་ལ་གོ་དོན་རིགས་གཉིས་བཀོད་ཡོད་དེ། དང་པོ་ནི་ཁམས་འདྲིའི་ཚིག་སྟེ། དེས་སྤྱི་ཚོགས་འབྲེལ་འདྲིས་ཁྲོད་ཕན་ཚུན་གྱི་མཛའ་བརྩེ་དང་ཐོབ་ཐང་། རྩིས་ཐང་དང་འབྲེལ་བའི་ཚད་སོགས་ཀྱང་མཚོན་པར་ནུས་ཏེ། དེར་ལག་འཇུ་བྱེད་པའམ་ཁ་བཏགས་འབུལ་བ། ཁམས་བདེ་ཞུ་བ་དང་སྨོན་འདུན་ཞུ་བ་དང་ཁ་གཡང་འབོད་པ་སོགས་མང་ལ། གཉིས་པ་ནི་སྤྱི་ཚོགས་འབྲེལ་འདྲིས་དངོས་ཀྱི་ཁྲོད་ཕན་ཚུན་གྱིས་འཚམས་འདྲི་ཞུ་བར་བརྗོད་ཅིང་། འཚམས་འདྲི་ཞུ་སྐབས་བརྗོད་པའི་ངག་ལའང་སྐབས་ཐོག་གི་ཡུལ་དང་དུས་ལ་བསྟུན་ཏེ་འཚམས་འདྲིའི་ངག་གི་བརྗོད་པའང་མི་འདྲ་བ་ཡིན།

གཉིས་པ། རྒྱུན་སྤྱོད་འཚམས་འདྲིའི་ཞུ་ཚིག་གི་བྱེད་ནུས་དང་བསམ་བློའི་མཚོན་དོན།

ཡུན་རིང་མ་ཐུག་པའི་ཉེ་དུ་དང་གྲོགས་པོར་འཕྲད་སྐབས་ཐོག་མར་ཕན་ཚུན་གྱི་མགོ་གཏུག་པའམ་ཡང་ན་ཕན་ཚུན་འཐམས་པ། གདོང་ལ་འོ་བྱས་ནས“བདེ་མོ་དང་། ཨེ་དཀའ་ཐལ། བཀྲ་ཤིས་བདེ་ལེགས། ཁ་དྲོ། ཚེ་རིང”སོགས་ཀྱིས་མཚོན་པའི་འཚམས་འདྲིའི་བརྗོད་པ་ཅི་རིགས་ཡོད་ཅིང་། འཚམས་འདྲིའི་སྐབས་ལུས་ཀྱི་སྦྱོར་བ་དང་ངག་གི་བརྗོད་པ་འདི་དག་གིས་བོད་ཀྱི་གུས་ལུགས་རིག་གནས་ཤིག་མཚོན་བཞིན་ཡོད་པར་མ་ཟད། མི་རིགས་རིག་གནས་ཀྱི་ནང་དོན་ཁྱད་པར་བ་ཞིག་ཀྱང་མངོན་བཞིན་ཡོད། དབྱིན་ཇིའི་མིའི་རིགས་རིག་པ་སྨྲ་བ་ཐེ་ལེའི《གདོད་མའི་རིག་གནས》ཞེས་པར།“རིག་གནས་ནི་རྙོག་འཛིང་ཆེ་བའི་སྤྱི་འདུས་ཀྱི་ཕུང་བོ་ཞིག་སྟེ། དེར་དད་མོས་དང་སྒྱུ་རྩལ། ཀུན་སྤྱོད་དང་ཁྲིམས་ལུགས། དམངས་སྲོལ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ནས་ཐོབ་པའི་བྱེད་ནུས་ཁྱད་པར་བ་དང་གོམས་སྲོལ་ཡོད་དོ་ཅོག་ལ་ཟེར”ཞེས་བརྗོད་པ་ལྟར། བོད་ཀྱི་གུས་ལུགས་རིག་གནས་ཀྱང་བོད་ཀྱི་རིག་གནས་སྤྱིའི་གྲུབ་ཆ་དང་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་གཤིས། སྣེ་ལེན་དང་སྐྱེལ་མ། ཟས་མགྲོན་སོགས་ཁྱད་པར་ཅན་གྱི་གུས་ལུགས་མང་ལ། དེའང་བྱེ་བྲག་ཏུ“མིས་ཁོར་ཡུག་གསར་དུ་སྐྲུན་ཞིང་། དེ་མཚུངས་སུ་ཁོར་ཡུག་གིས་ཀྱང་མི་གསར་སྐྲུན་བྱས”ཞེས་པ་ལྟར། ས་ཁོངས་དང་ས་ཁམས་ཁོར་ཡུག་གི་དབང་གིས་ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བས་བོད་ཀྱི་གུས་ལུགས་རིག་གནས་ལས་འཚམས་འདྲི་བྱེད་སྟངས་དང་མཚོན་དོན། བྱེད་ནུས་བཅས་ལ་ཁྱད་པར་ཅུང་ཟད་ཡོད་ནའང་། ཚང་མས་བོད་ཀྱི་གུས་ལུགས་རིག་གནས་ཀྱི་བླ་ན་འཕགས་པའི་བསམ་བློའི་ནང་དོན་ཞིག་མངོན་མཚོན་བྱེད་ཀྱིན་ཡོད།

གཅིག བྱིས་པའི་སློབ་གསོའི་ཐད་ཀྱི་བྱེད་ནུས།

《སུམ་པའི་མ་ཤགས་ཆེན་མོ》རུ།གནའ་སྔ་མོ་ནས་བོད་པས་ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་ལ་མཐོང་ཆེན་བྱེད་ཚུལ་མཚོན་ཡོད་དེ། དཔེར་ན། འཛངས་འཛངས་ཚིག་གྱིས་བཀོས་ན་ནི། ། ཕ་གོལ་དང་མཚུངས་ལ། ། ངན་གཏམ་བསྐྲོགས་ན་ནི། ། བྱམས་དྲིན་ཆེན་ཡང་དགྲར་གྱུར་རོ། ། ཚིག་བཏད་ལེགས་ན་ནི། ། སྲིད་ཀྱི་ཡུ་བ་ལ། ། ཁ་སྨྲས་ཉེས་ནི། ། བདུད་ཀྱི་སྒོ་མོའོ། །ཞེས་པ་ནང་བཞིན། ངག་སྒོ་བདེ་མོ་དེ་ཡུལ་དུས་དང་བསྟུན་ཏེ་སྐད་ཆའི་བཤད་ལུགས་བསྟན་ལ། འཚམས་འདྲི་ལྟ་བུར་མཚོན་ནའང་ཡུལ་དང་དུས་ལ་བསྟུན་ཏེ་གང་ལ་གང་འཚམ་གྱིས་ཞུ་ཤེས་ན་མིའི་བདེ་སྡུག་དང་དགའ་སྐྱོ་ལ་རྒྱུས་མངའ་དང་སྡུག་བསྔལ་སེལ་ནུས་པ་སོགས་ཀྱི་ནུས་པ་ལྡན་ལ། བོད་ཀྱི་གཏམ་དཔེ་ལའང“ཚིག་ངན་པས་མི་སེམས་གསོད”ཅེས་པ་ལྟར། ཚིག་ངན་པས་ཕ་རོལ་པོར་སྡུག་བསྔལ་སྦྱིན་ནུས་པས། ཁྱིམ་ཚང་སློབ་གསོའི་ཁྲོད་དུ་བྱིས་པའི་ངག་གི་བརྗོད་པ་ཡ་རབས་ཚུལ་མཐུན་ཅན་དུ་གཏོང་བ་དེ་གལ་འགངས་ཆེ་ལ། དེས་བྱིས་པའི་འཚར་ལོངས་རང་གཤིས་དང་རིན་ཐང་གི་ལྟ་ཚུལ་སོགས་ལའང་ཤན་ཤུགས་ཐེབས་སྲིད་པས། ཁྱིམ་ཚང་སློབ་གསོའི་ཁྲོད་དུ་བྱིས་པའི་ངག་བཟོ་ཚུལ་མཐུན་ཅན་དུ་གཏོང་བར་འཚམས་འདྲིའི་སྐད་ཆ་བཤད་ཤེས་པའི་གོམས་སྲོལ་ཆགས་རྒྱུ་དེ་གལ་ཆེན་དུ་གྱུར་ཡོད།

གཉིས། ཁྱིམ་ཚང་སློབ་གསོའི་ཐད་ཀྱི་བྱེད་ནུས།

གཞན་ད་དུང《སུམ་པའི་མ་ཤགས་ཆེན་མོ》རུ། ཕ་བས་བུ་འཛངས་ན་ནི། ། སྤང་ལ་མྱེ་ཐར་བ་བཞིན་ལ། ། ཕ་བས་བུ་ངན་ན་ནི།། མཚུལ་ཆུས་དེད་པ་དང་འདྲའོ། ། མ་འཛངས་བུ་འཛངས་ན་ནི། ། གསེར་ལ་གཡུ་སྤྲ་ལ། ། མ་ངན་བུ་ངན་ན་ནི། ། ཁང་རུལ་དུ་ལུད་སྤུང་བ་དང་འདྲའོ། །ཞེས་པ་ལས་ཕ་མཛངས་མ་མཛངས་ནི་ཁོག་ཤེས་རིག་བློ་རྒྱ་དང་ཕྱི་བསམ་པའི་ཀུན་སྤྱོད་སོགས་འཛོམས་དགོས་པ་བསྟན་ཡོད་ཅིང་། བྱིས་དུས་ནི་ལད་ཟློས་ལ་འཇོན་པའི་དུས་ཁྱད་པར་བ་ཞིག་སྟེ། ཕ་མའི་འགྲོ་འདུག་ཉལ་འཆག་དང་བཟའ་བཏུང་དང་སྐད་ཆ་བཤད་སྟངས་སོགས་གུས་ལུགས་སྤྱོད་ལམ་གྱིས་བྱིས་པའི་ནར་སོན་ཁྲོད་ཤན་ཤུགས་ངེས་ཅན་རེ་ཐེབས་སྲིད་པས། ཁྱིམ་ཚང་གི་སློབ་གསོའི་ཁོར་ཡུག་ཁྲོད་ཕན་ཚུན་ལ་སྐད་ཆ་བཤད་སྟངས་ཀྱི་སྤྱོད་ལམ་གཙིགས་ཆེན་དུ་བཟུང་སྟེ། འཆད་བྱའི་སྐད་ཆ་གང་དེ་ངག་རན་པ་དང་སྙན་པར་སྨྲ་བ་སོགས་བྱེད་ནུས་ན་བྱིས་པའི་ངག་གི་བརྗོད་པ་དག་ཀྱང་རན་པ་དང་སྙན་པ་ཞིག་ཏུ་ཡོང་ཐུབ། དེའང་ཆེས་སྟབས་བདེ་ས་ཞིག་ནས་ཕན་ཚུན་ལ་འཚམས་འདྲི་ཞུ་བའི་བརྗོད་པའི་སྟེང་ནས་ཀྱང་ཡོང་ཐུབ་པས་ན། ཐ་ན་མི་རིགས་དང་ས་ཁོངས་གང་དེ་ཕུད་པའི་ཆེས་ཆུང་ས་སྟེ། ཁྱིམ་ཚང་གི་སློབ་གསོའི་ཁྲོད་དུའང་འཚམས་འདྲིའི་གུས་ལུགས་སྤྱོད་ལམ་གྱིས་ཀྱང་ཁྱིམ་མི་རེ་རེའི་ངག་བཟོ་རན་ཞིང་སྙན་པར་སྨྲ་བའི་ཁྲོད་ནུས་པ་ཡན་གར་བ་ཞིག་ཐོན་བཞིན་ཡོད།

གསུམ། མཛའ་མཐུན་རོགས་རེས་ཀྱི་བྱེད་ནུས།

གུས་ལུགས་རིག་གནས་ནི་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བ་ཞིག་སྟེ། དེས་མི་དང་མི། ས་ཁོངས་དང་ས་ཁོངས། མི་རིགས་དང་མི་རིགས་ཕན་ཚུན་གྱི་མཛའ་མཐུན་དང་འཕེལ་རྒྱས་ཁྲོད་ནུས་པ་མི་དམན་པ་ཐོན་ཐུབ་པ་ནི། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་རྒྱལ་དོན་འཚམས་འདྲི་བྱེད་པ་སོགས་ཀྱིས་མཚོན་ཐུབ། གནའ་ནས་དུས་ད་ལ་ཐུག་གི་བར་དུ་བོད་ཀྱི་འཚམས་འདྲི་རིག་གནས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་ནུས་པ་ཁྱད་དུ་འཕགས་པ་ཞིག་ཐོན་བཞིན་ཡོད་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་དང་དར་སྤེལ་གཏོང་བར་བོད་ཀྱི་གུས་ལུགས་རིག་གནས་ལས་འཚམས་འདྲིའི་ངག་བརྗོད་དང་བྱ་བྱེད་སོགས་གུས་ལུགས་རིག་གནས་ཁྱད་པར་བ་འདི་རྒྱུད་འཛིན་དར་སྤེལ་གཏོང་འོས།

གསུམ་པ། འཚམས་འདྲི་ཞུ་ཚིག་གི་བསམ་བློའི་མཚོན་དོན།

འཚམས་འདྲིའི་ཞུ་ཚིག་གི་ངག་ཐོག་རིག་གནས་ཁྱད་པར་བ་འདིས་མིའི་སྒོ་གསུམ་གྱི་རྣམ་དག་མཚོན་ངེས་ལ། དེའང་ཉམས་དང་འགྱུར་བ་ཞིག་གིས་མངོན་བཞིན་ཡོད། དེས་ཕན་ཚུན་གྱི་མཛའ་མཐུན་དང་མཉམ་གནས། རོགས་རེས། བརྩི་བཀུར། བྱམས་སྐྱོང་། དད་གུས། སྨོན་འདུན་དང་ཟོལ་མེད་ཀྱི་སེམས་པ་བཅས་མཚོན་བཞིན་ཡོད་པར་བླ། རྒྱའི་རྩོམ་རིག་སྨྲ་བ་ཝང་ཙིན་ཆིས་སྐད་ཆའི་སྐོར་བརྗོད་སྐབས། “ངས་བལྟས་ན་སྐད་ཆའི་སྐོར་ནས་དེའི་ཁྱད་ཆོས་བཞི་ལ་མཉམ་འཇོག་བྱ་དགོས་ཏེ། ནང་དོན་རང་བཞིན་དང་རིག་གནས་རང་བཞིན། གབ་སྦས་རང་བཞིན། རྒྱུ་འདྲིལ་རང་བཞིན་བཅས་སོ”ཞེས་བརྗོད་པ་ལྟར། འཚམས་འདྲིའི་བརྗོད་པ་ཁྱད་པར་བ་འདིས་བོད་ཀྱི་སྐད་ཆའི་ཁྱད་ཆོས་དང་མི་ཆོས་བསམ་བློའི་རིག་གནས་ཁྱད་པར་བ་ཞིག་གབ་སྦས་ཀྱི་ཚུལ་དུ་བསྟན་ཡོད་གཤིས། དེས་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བའི་བསམ་བློའི་སྨོན་འདུན་ཞིག་ཀྱང་མཚོན་ཡོད།

བཞི་པ། དུས་རབས་གསར་པའི་ཁྲོད་ཀྱི་འཚམས་འདྲི་ཞུ་ཚིག་གི་འགྱུར་བ།

དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་མི་རིགས་ཕན་ཚུན་བར་གྱི་སྣ་མང་རིག་གནས་བརྗེ་རེས་དང་མཉམ་འདྲེས་བྱེད་པའི་ཚ་རླབས་འཕྱུར་བའི་ཞར་ལ་མི་རིགས་ཕན་ཚུན་གྱི་སྐད་བརྡ་དང་རྒྱུན་བཀོལ་གསར་བྱུང་གི་ཐ་སྙད་ལ་འགྱུར་ལྡོག་བྱུང་བཞིན་ཡོད་ལ། འཚམས་འདྲི་ཞུ་ཚིག་གི་སྐོར་ལ་མཚོན་ན་ཆ་འཕྲིན་ཆེས་ཆེར་དར་བའི་དུས་སྐབས་འདིར་མི་རིགས་གཞན་གྱི་འཚམས་འདྲི་ཞུ་ཚིག་ཀྱང་བོད་སྐད་ཁྲོད་མཉམ་འདྲེས་མཉམ་སྦྱོར་དུ་འགྲོ་བཞིན་མཆིས་ཏེ། དབྱིན་ཇིའི་སྐད་ཀྱི“Hello”དང“Hi”སྤྱོད་བཞིན་པའི་གནས་ཚུལ་ཡང་མང་པོ་ཡོད་ལ། རྒྱའི་སྐད་ཀྱི“您好”དང“再见”“拜拜”སོགས་བདེ་མོ་ཞུ་བའི་མིང་བརྡ་ཅི་རིགས་ཚུར་ལེན་བྱས་ཏེ་བེད་སྤྱོད་བྱེད་བཞིན་པའི་རྣམ་པ་ཞིག་བྱུང་དང་འབྱུང་བཞིན་ཡོད་པར་མ་ཟད། བོད་ཀྱི་སྔ་མའི་སྲོལ་རྒྱུན་གྱི་འཚམས་འདྲིའི་འཕྲིན་ཡིག་ཕུལ་བའི་སྲོལ་དང་འཚམས་འདྲི་ཞུ་ཚིག་འབྲི་སྟངས་དང་ནང་དོན་སོགས་ཆེས་སྟབས་བདེ་རང་བཞིན་དུ་གྱུར་ཏེ། “བདེ་མོ”དང“བཀྲ་ཤིས་བདེ་ལེགས”ཞེས་པའི་ཚིག་འབྲུ་རེ་གཉིས་ཀྱིས་འཐུས་པར་བྱེད་པ་སོགས་ནི་འཚམས་འདྲིའི་གུས་ལུགས་རིག་གནས་ཉམས་དམས་སུ་འགྲོ་བའི་སྣང་ཚུལ་ཞིག་ཏུ་མངོན་ནོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号