ཁལ་ཇེ་འགོག་སྨན། བུ་ཕྲུག་སྐྱེས་རྗེས་ཀྱི་སྨན་ཁབ་དང་པོ།
རྩོམ་པ་པོ། : སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།
བྱིས་པ་ཚོར་ཁལ་ཇེ་འགོག་སྨན་རྒྱག་པའི་ཚུལ།
ཁལ་ཇེ་འགོག་སྨན་རྒྱག་ཡུལ་གཙོ་བོ་ནི་ཕྲུ་གུ་དམར་འབྱར་ཡིན་ལ། འགོག་སྨན་དེ་བརྒྱབ་ན་བྱིས་པར་འདུས་འདྲིལ་གཅོང་ནད་དེ། དཔེར་ན་འདུས་འདྲིལ་རང་བཞིན་གྱི་ཀླད་རྒྱའི་གཉན་ཚད་འདྲ་འབྱུང་བ་སྔོན་འགོག་བྱེད་ཐུབ་པ་རེད། པར་འདི་ནི་དུས་རབས20པའི་ལོ་རབས70པའི་སྐབས་སུ་རང་རྒྱལ་ནས་ཁལ་ཇེ་འགོག་སྨན་རྒྱག་པའི་སྐོར་གྱི་དྲིལ་སྒྲོག་རི་མོ་རེད།
ཁལ་ཇེ་འགོག་སྨན་ཟེར་བ་ནི་བྱིས་པའི་འདུས་འདྲིལ་གཅོང་ནད་སྔོན་འགོག་གི་ཆེད་དུ་རྒྱག་པའི་རིམས་འགོག་སྨན་ཁབ་ཅིག་ཡིན་ཞིང་། འགོག་སྨན་དེ་བརྒྱབ་རྗེས་བྱིས་པའི་ལུས་སྟེང་དུ་འདུས་འདྲིལ་གཅོང་ནད་ལ་དམིགས་བསལ་གྱི་འགོག་ཤུགས་ཆགས་པའི་དབང་གིས། དེ་ལ"ཨ་མས་བཙས་རྗེས་ཀྱི་འགོག་ཁབ་དང་པོ"ཞེས་འབོད། དེ་ཡང1921ལོར་མིའི་ལུས་ཁམས་སུ་ཐོག་དང་པོར་ཚོད་ལྟའི་ཚུལ་དུ་བརྒྱབ་པའི་ཚུན་དུ། མིག་སྔར་འཛམ་གླིང་ཡོངས་སུ་རྒྱལ་ཁབ་མང་ཆེ་བས་ཁལ་ཇེ་འགོག་སྨན་ཞེས་པའི་འགོག་སྨན་དེ་འཆར་གཞི་ལྟར་རིམས་འགོག་བྱེད་པར་ངེས་པར་རྒྱག་དགོས་པའི་འགོག་སྨན་ནང་གི་གཅིག་ཏུ་བཀོད་ཡོད།
འགྲོ་བ་མི་བྱུང་བ་ནས་བཟུང་། "གློ་ནད་བུང་ཚང"དང"ནད་ཡམས་དཀར་པོ"ཟེར་བའི་འདུས་འདྲིལ་གཅོང་ནད་དེ་ཡོད་ཅིང་། དེ་ནི"འདུས་འདྲིལ་དབྱུག་སྲིན"ལས་འགོས་པའི་གཅོང་ནད་རིགས་ཤིག་ཡིན་པར་མ་ཟད། ནད་རིགས་དེས་གནོད་འཚེ་སྐྱེལ་ཡུལ་གཙོ་བོ་ནི་གློ་བ་ཡིན་པས། དེར་གློ་བའི་འདུས་འདྲིལ་གཅོང་ནད་ཀྱང་ཟེར་བ་རེད།
དུས་རབས19པའི་བར་དུ། འདུས་འདྲིལ་གཅོང་ནད་ཀྱི་དཀའ་གནད་དེ་ད་རུང་གསོ་རིག་ལས་རིགས་ཀྱིས་ཐག་གིས་ཆོད་མེད། ནད་དེ་ཕོག་རྗེས་སྤྱིར་བཏང་དུ་ལུས་པོའི་ཤ་སྐམ་པ་དང་གློ་ལུ་བ། ཁྲག་ལུ་བ་བཅས་ཀྱི་ནད་རྟགས་ཡོད་པས། མི་རྣམས་ཀྱིས་དེ་ནི་རིག་རྒྱུ་མེད་པའི"གདོན་འདྲེ"ཡིས་འགྲོ་བ་མི་ལ་གནོད་འཚེ་སྐྱེལ་བ་ཡིན་པར་སྙམ་འདུག
དུས་རབས19པའི་དུས་མཇུག་ཏུ། འཇར་མན་གྱི་ཕྲ་སྲིན་རིག་པ་བ་ཁོ་ཧའེ་ཡིས་འདུས་འདྲིལ་གཅོང་ནད་ཀྱི་ཚིགས་འབུར་ཁྲོད་ནས་འདུས་འདྲིལ་གཅོང་ནད་ཀྱི་དབྱུག་སྲིན་རྙེད། དུས་རབས20པའི་དུས་འགོར། ཧྥ་རན་སིའི་ཕྲ་སྲིན་རིག་པ་བ་ཨེལ་བྷོད་ཁལ་མེད་དང་ཁ་མིལ་ཇེ་རིན་རྣམ་གཉིས་ཀས་འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་སྲིན་བུའི་མིའི་ཐབས་ཀྱིས་བཟོས་པའི་འགོག་སྨན་ཚོད་ལྟའི་བཟོ་སྐྲུན་བགྱིས་ཏེ་ལེགས་འགྲུབ་བྱུང་བས། དེར"ཁལ་ཇེ་འགོག་སྨན"ཡང་ཟེར་ཞིང་། དུས་དེ་ནས་བཟུང་འདུས་འདྲིལ་གཅོང་ནད་ཀྱི་ནད་གདོན་དེ་དམ་ལ་བཏགས་པ་རེད།
ཨེལ་བྷོད་ཁལ་མེད་དང་ཁ་མིལ་ཇེ་རིན་རྣམ་པ་གཉིས་ཀས་འགོག་སྨན་དེ་ཚོད་ལྟས་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་སྐོར་ལབ་གླེང་བྱེད་ན། དེར་ད་རུང་དགོད་བྲོ་བའི་གཏམ་རྒྱུད་ཅིག་ཡོད་པ་འདི་ལྟ་སྟེ།
ཉིན་དེར་གྲོང་ཁྱེར་ཕེ་རིས་ཀྱི་ཉེ་འདབས་སུ། ཨེལ་བྷོད་ཁལ་མེད་དང་ཁ་མིལ་ཇེ་རིན་གཉིས་ཀས་སྤྲོ་སེམས་འཁོལ་བའི་ངང་གྲོས་མོལ་བྱེད་བཞིན་མཆིས། "ཨ་ཡ་མཚན། ཆིན་ནཱས་བ་གླང་གི་ལུས་སྟེང་ནས་འབྲུམ་འགོག་སྨན་སོན་བླངས་པ་ལ་གྲུབ་འབྲས་སྨིན་སོང་། ཡིན་ཡང་འུ་ཅག་གིས་ར་ཕོའི་ལུས་སྟེང་དུ་འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་སྲིན་བུ་ཚོད་ལྟ་བྱས་པར་ཕམ་ཉེས་རེག་པ་དེའི་རྒྱུ་མཚན་ཅི་ཡིན་ནམ།""དེ་མ་རེད། ངས་བལྟས་ན་འུ་ཅག་གིས་ཕྱོགས་གཞན་པ་ནས་རྒྱུ་མཚན་བཙལ་ན་འགྲིག"
སྐབས་དེར། ཁོང་རྣམ་པ་གཉིས་ཀ་མ་རྨོས་ལོ་ཏོག་གི་ཞིང་ནང་དུ་ལས་ཀ་ལས་བཞིན་པའི་ཞིང་རའི་བདག་པོ་མཱ་པོ་ཐའེ་ཟེར་བ་དེ་དང་ཕྲད། ཁོང་གཉིས་ཀས་མིག་མདུན་གྱི་ས་རྒྱུ་ཞན་པའི་ཞིང་ནང་དུ་ཐོགས་པའི་མ་རྨོས་ལོ་ཏོག་ནི་ཤིན་ཏུ་ཆུང་ཞིང་ལོ་མ་སེར་པོ་ཡིན་པ་མཐོང་བས། བརྩེ་བའི་ངང་ནས"གནས་ཚུལ་ལ་བལྟས་ན་ད་ལོར་ལོ་ལེགས་མི་འབྱུང་བ་འདྲ། ལུད་རྫས་ཉུང་སོང་བའི་སྐྱོན་ཨེ་རེད།""ཨོ། དེ་མ་རེད། སྐུ་ཞབས་ཚོ། མ་རྨོས་ལོ་ཏོག་རིགས་འདི་ས་ཆ་འདིར་འདྲེན་འདེབས་བྱས་ཏེ་སྐྱེས་རབས་བཅུ་ལྷག་འདས་པའི་རྐྱེན་གྱིས། སྐྱེ་ནུས་ཅུང་ཙམ་ཉམས་སོང་བས་རེད།"ཞིང་རའི་བདག་པོས་ཡིད་ཅུང་ཕངས་པའི་ངང་ནས་ལན་བཏབ།"ཅི་ཟེར། སྐྱེ་ནུས་ཉམས་སོང་།"གཞོན་ནུ་གཉིས་ཀས་ཕལ་ཆེར་མགྲིན་དབྱངས་གཅིག་གིས་ཞིང་རའི་བདག་པོས་སྣང་མེད་ངང་ལབ་པའི་མིང་བརྡ་སྟེ་སྐྱེ་ནུས་ཉམས་པ་ཟེར་བ་དེ་བསྐྱར་ཟློས་བྱས།
མ་རྨོས་ལོ་ཏོག་གི་ས་བོན་གྱི་སྐྱེ་ནུས་ཉམས་པར་གྱུར་པ་དེའི་སྟེང་ནས། ཁོང་རྣམ་པ་གཉིས་ཀའི་ཡིད་ལ་འཕྲལ་དུ། གལ་སྲིད་དུག་ནུས་ཤིན་ཏུ་དྲག་པོ་ཡིན་པའི་འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་སྲིན་བུ་དེ་བརྒྱུད་རབས་ནས་བརྒྱུད་རབས་སུ་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྤེལ་བྱས་ན། དེའི་དུག་ནུས་རིམ་བཞིན་ཇེ་ཞན་དུ་འགྱུར་རམ། གལ་ཏེ་འགྱུར་སྲིད་ན། དུག་ནུས་ཞན་པར་གྱུར་ཟིན་པའི་འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་སྲིན་བུ་དེ་རིམས་འགོག་སྨན་ཁབ་ཏུ་སྤྱད་ནས་མིའི་ལུས་སྟེང་དུ་བརྒྱབ་ཚེ། མིའི་ལུས་ཁམས་སུ་འགོག་གཟུགས་ཆགས་པས་ན། འདུས་འདྲིལ་གཅོང་ནད་ལ་རིམས་འགོག་གི་ནུས་པ་ཆགས་པ་མིན་ནམ་སྙམ།
ཨེལ་བྷོད་ཁལ་མེད་དང་ཁ་མིལ་ཇེ་རིན་རྣམ་པ་གཉིས་ཀ་རྟབ་རྟོབ་ངང་ཕྱིར་དངོས་བརྟག་ཁང་དུ་ལོག་ནས་འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་སྲིན་བུ་ཁ་ཕྱོགས་གཏན་འཁེལ་གྱིས་སྐྱེད་སྲིང་ཚོད་ལྟ་བྱས། ཚོད་ལྟ་ཡང་ཡང་བྱས་ནས་བགྲང་བྱ13རིང་གི་དུས་ཡུན་དེ་དལ་བ་རིང་མོའི་ངང་འདས་མཐར། ཁོང་གཉིས་ཀས་བརྒྱུད་རབས230གསོ་སྤེལ་བྱས་པས། འདུས་འདྲིལ་གཅོང་ནད་ཀྱི་ནད་དུག་སྲིན་བུ་དེ་བཏུལ་ནས་མིའི་ཐབས་ཀྱིས་བཟོས་པའི་རིམས་འགོག་སྨན་ཁབ་ཏུ་སྤྱོད་ཆོག་པར་གྱུར། རྗེས་རབས་པ་ཚོས་ཨེལ་བྷོད་ཁལ་མེད་དང་ཁ་མིལ་ཇེ་རིན་རྣམ་པ་གཉིས་ཀའི་ཁྱད་དུ་འཕགས་པའི་མཛད་རྗེས་ལ་དྲན་གསོ་ཞུ་ཆེད། འདུས་འདྲིལ་གཅོང་ནད་ཀྱི་འགོག་སྨན་དེར"ཁལ་ཇེ་འགོག་སྨན"ཞེས་པའི་མཚན་གསོལ་བ་རེད།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注