ཀོག་ཧྥེ་བཏུངས་ན་གཟུགས་པོའི་བདེ་ཐང་ལ་ཕན་པ་ཡོད་རེད་ཟེར།

     སྐུ་ཉིད་ནམ་རྒྱུན་ཀོག་ཧྥེ་མཆོད་རྒྱུར་མཉེས་པོ་ཡོད་དམ། དེང་སང་འཚོ་བའི་ནང་མི་མང་པོ་ཞིག་གིས་ཀོག་ཧྥེ་ནི་སྙིང་སྟོབས་སྐྱེད་བྱེད་དང་། ལུས་ཀྱི་ངལ་དུབ་སེལ་བའི་འཐུང་བྱ་མཆོག་གྱུར་ཞིག་ལ་རྩིས་ནས་ཉིན་ལྟར་ཀོག་ཧྥེ་ཕོར་པ་༢ནས་༣བར་འཐུང་གི་ཡོད། དེའི་གོང་དུ་ཞིབ་འཇུག་མང་པོ་ཞིག་ལས་ཀྱང་ར་སྤྲོད་བྱུང་བར། ཀོག་ཧྥེ་བཏུང་ན་ལུས་པོའི་བདེ་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་པ་བསྟན་འདུག

    དེ་ཡང་། ཀོག་ཧྥེ་གཏན་ནས་མི་འཐུང་བའི་མི་དང་བསྡུར་ན། ཡུན་རིང་ཀོག་ཧྥེ་འཐུང་མཁན་གྱི་མིའི་གཟུགས་པོ་ལ་འགྱུར་ལྡོག་ཅི་ཡོད་ཅེ་ན། ཨ་རིའི་ཧ་ཧྥོ་སློབ་ཆེན་གྱིས་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར། ཀོག་ཧྥེ་ཡིས་མིའི་ལུས་པོའི་ནང་གི་རྒྱུ་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།

རྒྱུན་དུ་ཀོག་ཧྥེ་འཐུང་མཁན་གྱི་རྒྱུ་མའི་སྲིན་ཚོགས་འགྱུར་ལྡོག་ཆེ།

     སྤྱི་ལོ་༢༠༢༤ལོའི་ཟླ་༡༡པར། ཧ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་《རང་བྱུང་། སྐྱེ་དངོས་ཕྲ་མོའི་རིག་པ་》ཞེས་པའི་དུས་དེབ་ཐོག་སྤེལ་བའི་མི་ཁྲི་ཁ་ཤས་ལ་ཞིབ་འཇུག་བྱས་པའི་མཇུག་འབྲས་ལས་ཤེས་རྟོགས་བྱུང་བར། ཀོག་ཧྥེ་འཐུང་ཚད་དང་མིའི་རིགས་ཀྱི་རྒྱུ་མའི་སྲིན་ཚོགས་དབར་འབྲེལ་བ་དམ་ཟབ་ཡོད་ཅིང་། རྒྱུན་དུ་ཀོག་ཧྥེ་བཏུང་ན་རྒྱུ་མའི་སྲིན་ཚོགས་ལ་འགྱུར་ལྡོག་འགྲོ་ཡི་ཡོད་པ་དཔེར་ན། ཀོག་ཧྥེ་ཧ་ཅང་ཉུང་ཉུང་ལས་མི་འཐུང་མཁན་(ཟླ་རེར་ཀོག་ཧྥེ་འཐུང་ཚད་ཕོར་པ་གསུམ་ཡང་མ་ཟིན་པ་)དང་བསྡུར་ན། ཉིན་རེར་ཀོག་ཧྥེ་ཕོར་པ་གསུམ་འཐུང་བའི་མིའི་རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱི་ཆུ་ཚད་ལྡབ་༤.༥-༨ལས་མཐོ་བ་ཡོད་པ་དང་། ཀོག་ཧྥེ་འོས་འཚམ་འཐུང་མཁན་གྱི་རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱི་ཆུ་ཚད་ལྡབ་༣.༤-༦.༤ལས་མཐོ་བ་ཡོད་པ་མ་ཟད། ཁྱད་པར་དེ་རིགས་འཛམ་གླིང་ཡོངས་ཀྱི་མི་ཚོགས་ཚང་མ་གཅིག་མཚུངས་ཡིན་པ་རེད།

ཡུན་རིང་ཀོག་ཧྥེ་འཐུང་མཁན་དང་ཀོག་ཧྥེ་གཏན་ནས་མི་འཐུང་མཁན་དབར་ཕྱོགས་གསུམ་ཐད་ཀྱི་ཧེ་བག་ཡོད།

1 རྒྱུ་མའི་སྲིན་ཚོགས་ལ་ཁྱད་པར་ཡོད།

     གོང་དུ་གླེང་བ་བཞིན་ཀོག་ཧྥེ་མི་འཐུང་མཁན་ཞིག་དང་བསྡུར་ན་རྒྱུན་དུ་ཀོག་ཧྥེ་འཐུང་བའི་མིའི་རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱི་ཆུ་ཚད་ཧ་ཅང་མཐོ་བ་ཡོད། རྒྱུ་མའི་ནང་གི་ཕན་ཡོད་སྲིན་གྱིས་རྒྱུ་མར་ཏིང་སྐྱུར་སྐྱེ་བར་རོགས་རམ་བྱེད་ཐུབ་ལ། རྒྱུ་མའི་འགོག་སྲུང་བྱེད་ནུས་རྒྱུན་འཁྱོངས་བྱེད་པར་ཕན་པ་དང་། རྒྱུ་མའི་གཉན་ཚད་དང་རྒྱུ་སྐྲན་སྔོན་འགོག་བྱེད་པར་རོགས་རམ་བྱེད་ཐུབ།

2 ངོ་གདོང་གི་པགས་པ་རྒས་པའི་ཉེན་ཁ་ཆུང་བ་ཡོད།

     སྤྱི་ལོ་༢༠༢༤ལོར་པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་གི་ཞིབ་འཇུག་མི་སྣས་《པགས་ནད་མཛེས་བཟོ་རིག་པའི་དུས་དེབ་》ཐོག་སྤེལ་བའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་དུ་ཀོག་ཧྥེ་འཐུང་མཁན་གྱི་མིའི་ངོ་གདོང་གི་པགས་པ་རྒས་པའི་ཉེན་ཁ་༡༥%ཡིས་ཆུང་བ་ཡོད་པ་དང་། ཀོག་ཧྥེ་བཏུང་ན་ལུས་པོའི་པགས་པ་རྒས་འགྲོ་བ་སྔོན་འགོག་ཐུབ་ལ། མདོག་རྒྱུའི་ཁྲ་ཐིག་ཀྱང་ཇེ་ཉུང་དུ་གཏོང་ཐུབ།

3 སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆུང་བ་ཡོད།

     སྤྱི་ལོ་༢༠༢༢ལོའི་《ཡོ་རོབ་སྙིང་ནད་སྔོན་འགོག་རིག་པའི་དུས་དེབ》ཐོག་འཁོད་པའི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་རེར་ཀོག་ཧྥེ་ཕོར་པ་ཕྱེད་ཀ་ནས་༣བར་བཏུང་ཚེ། འཆི་ཚད་༡༢%ཆག་པ་དང་སྙིང་ཁམས་ཁྲག་རྩའི་ནད་ཀྱི་རྐྱེན་པས་འཆི་ཚད་༡༧%མར་ཆག་སྲིད།

བདེ་ཐང་ངང་ཀོག་ཧྥེ་འཐུང་བར་དོན་ཚན་༥པོ་འདི་དག་ཡིད་ལ་ཟུང་།

1 ཀོག་ཧྥེ་ཚ་དྲགས་པ་འཐུང་མི་རུང་།

     ཀོག་ཧྥེ་ཙམ་མ་ཟད། དེ་མིན་བཏུང་བྱ་ཚ་པོ་གཞན་གང་ཡིན་རུང་ཧ་ཅང་ཚ་དྲགས་པ་འཐུང་མི་རུང་བ་སྟེ། སྤྱི་ལོ་༢༠༡༦ལོར་རྒྱལ་སྤྱིའི་འབྲས་སྐྲན་ཞིབ་འཇུག་སྒྲིག་གཞིས་ཀོག་ཧྥེ་སོགས་ཧ་ཅང་ཚ་དྲགས་པའི་བཏུང་བྱས་སྐྲན་ནད་སློང་བའི་རང་བཞིན་ལ་དཔྱད་དཔོག་བྱས་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་ལྟར་ན། དྲོད་ཚད་༦༥℃ལས་བརྒལ་བ་སོགས་ཚ་དྲགས་པའི་བཏུང་བྱ་ཚང་མ་སྐྲན་ནད་སློང་བའི་རིགས་༢Aནང་བཅུག་ཡོད།

2 ཉིན་རེར་རབ་བྱུང་ན་ཀོག་ཧྥེ་ཕོར་པ་ལྔ་ལས་བརྒལ་བ་འཐུང་མི་རུང་།

སྤྱི་ལོ་༢༠༡༨ལོར་ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འཚོ་བཅུད་དང་བདེ་ཐང་ཁང་སོགས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་《ཀོག་ཧྥེ་དང་བདེ་ཐང་ལྡན་པའི་འབྲེལ་ཡོད་ཚན་རིག་གི་ཐུན་མོང་ངོས་འཛིན་》ཞེས་པའི་ནང་། གཟུགས་གཞི་བདེ་ཐང་ཡིན་པའི་མི་དར་མ་ཞིག་ལ་ཆ་མཚོན་ན། ཉིན་རེར་ཤོང་ཚད་ཧོ་ཁེ་༢༡༠ནས་༤༠༠བར་ཟིན་པའི་ཀོག་ཧྥེ་ཕོར་པ་༣ནས་༥བར་བཏུང་ན་འཚམ་ཤོས་ཡིན་པའི་གྲོས་འགོ་བཏོན་ཡོད།

3 དུས་ཚོད་ཕྱི་པོར་ཀོག་ཧྥེ་འཐུང་མི་རུང་།

     ཀོག་ཧྥེ་འཐུང་བའི་དུས་ཚོད་ཡག་ཤོས་ནི་ཞོགས་ཟས་དང་དགུང་ཟས་ཀྱི་རྗེས་སུ་ཡིན་ཞིང་། དེས་ལུས་པོའི་བརྗེ་ཚབ་ལ་སྐུལ་འདེད་དང་ཟས་འཇུ་བར་རོགས་རམ་བྱེད་ཐུབ། གལ་ཏེ་ཕྱི་དྲོའམ་དགོང་མོར་ཀོག་ཧྥེ་བཏུང་ན། མཚན་མོའི་གཉིད་ཐེབས་བཅག་སྲིད།

4 ཕོ་བ་ཡག་པོ་མེད་པ་ཚོས་ཕོ་བ་སྟོང་པར་ཀོག་ཧྥེ་འཐུང་མི་རུང་།

     ཕོ་བ་ཡག་པོ་མེད་པ་དང་། ལྷག་པར་དུ་དལ་བའི་རང་བཞིན་གྱི་ཕོ་བའི་ནད་དང་ཕོ་བའི་ཟས་ལམ་ལྡོག་རྒྱུག་སོགས་རྨང་གཞིའི་ནད་རིགས་ཕོག་པའི་མི་ཚོགས་ཀྱིས་ཡག་ཤོས་བྱུང་ན་ཕོ་བ་སྟོང་པར་ཀོག་ཧྥེ་འཐུང་མི་རུང་བ་ཡིན།

5 ཀོག་ཧྥེ་མ་གོམས་ན་ཨུ་ཚུགས་ཀྱིས་འཐུང་མི་རུང་།

     མི་རེ་རེའི་ལུས་ཕུང་གི་གནས་ཚུལ་དང་འཚོ་བའི་གོམས་གཤིས་མི་འདྲ་བས། མི་འགའ་ཤས་ཀོག་ཧྥེ་འཐུང་རྒྱུར་དགའ་པོ་རྩ་བ་ནས་མེད་ལ། ཡང་འགའ་ཤས་ཀོག་ཧྥེ་བཏུང་ན་གཅིན་པ་ཡང་སེ་བྲོ་བ་དང་། སེམས་ལ་འཚབ་ཤ་ལངས་པ། ཕོ་བ་མི་བདེ་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། གལ་སྲིད་ཀོག་ཧྥེ་འཐུང་རྒྱུར་མ་གོམས་ན་ཨ་ན་ཨུ་ཚུགས་ཀྱིས་ཀོག་ཧྥེ་འཐུང་རྒྱུ་མེད་ཅིང་། བདེ་ཐང་ཅན་གྱི་འཚོ་བའི་རྣམ་པ་གཞན་དག་ལ་རོལ་ནས་གཟུགས་པོར་ཕན་པ་ཐོབ་ཐབས་བྱེད་དགོས་སོ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号