རང་རྒྱལ་གྱི་ཕོ་སྐྲན་ཕོག་མཁན་གྱིས་འཛམ་གླིང་ཡོངས་ཀྱི་40%ཙམ་ཟིན་པ།

རྒྱལ་ཁབ་སྐྲན་ནད་ལྟེ་གནས་ཀྱིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཕོ་བའི་སྐྲན་ནད་ཕོག་པའི་མི་གྲངས་ཁྲི་35ལས་བརྒལ་ཞིང་འདི་ནི་སྐྲན་ནད་ངན་པའི་གྲས་ཀྱི་ཨང་5པ་ཡིན་པ་དང་། ཤི་བའི་མི་གྲངས་ཁྲི་26ལས་བརྒལ་ཞིང་། སྐྲན་ནད་ངན་པའི་ཤི་ཚད་གྲས་ལས་ཨང་3པ་རེད། རང་རྒྱལ་གྱི་ཕོ་བའི་སྐྲན་ནད་ཕོག་མཁན་གྱིས་ཧ་ལམ་འཛམ་གླིང་ཡོངས་ཀྱི་40%ཟིན་ཡོད།

འོ་ན་ཕོ་བའི་སྐྲན་ནད་འབྱུང་དོན་གང་ཡིན་ནམ། དེ་ཇི་ལྟར་སྔོན་འགོག་བྱེད་དགོས་སམ། གཤམ་ནས་ང་ཚོས་མཉམ་དུ་རྒྱུས་ལོན་ཞིག་བྱེད།

གཅིག ཚད་ལྡན་མིན་པའི་བཟའ་བཏུང་བྱེད་ལུགས་ཀྱིས་ཕོ་བའི་སྐྲན་ནད་སློང་སྲིད།

ཉེ་དུས། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་ཁོངས་གཏོགས་སྨན་ཁང་དང་པོའི་ཕོ་ཁ་དང་རྒྱུ་མའི་ཕྱི་ནད་ཚན་ཁག་གིས་ལོ་18ལ་སླེབས་པའི་ནད་པ་ཞིག་ལ་སྨན་བཅོས་བྱས་ཡོད། ནད་པ་འདིར་སྟབས་མ་ལེགས་པར་ཁ་ཐོར་རང་བཞིན་དམའ་བའི་རྨེན་སྐྲན་ཕོག་ཡོད་ཅིང་། འདི་ནི་ནད་ལོག་རྒྱག་བདེ་བ་དང་སྤོ་འགྱུར་སླ་བའི་ངན་སྐྲན་ཚབས་ཆེན་ཞིག་རེད།

སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། ནད་པ་དེས་རྒྱུན་དུ་གཟའ་འཁོར་རེར་སྲེག་ཟས་ཐེངས་གསུམ་ཟ་བ་དང་ནམ་རྒྱུན་ཡང་བསྙལ་བཟས་དང་སྣུམ་བཙོས་ཟས་རིགས་མང་པོ་བཟས་པས་ཕོ་ཁའི་སྐྲན་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་ཕྱིན་པ་རེད། རྨ་ཁ་ཤིན་ཏུ་ཆུང་བའི་གཤགས་བཅོས་ཁྲོད་ནད་པའི་གསུམ་ཆའི་གཉིས་ཀྱི་ཕོ་བ་བཅད་པ་དང་མིག་སྔར་སྨན་ཁང་ནས་བཅོས་ཐོན་བྱས་པ་རེད།

པེ་ཅིན་དང་ཧྲང་ཧའེ། ཀྲེ་ཅང་སོགས་ས་ཁུལ་གྱི་སྨན་པ་མང་པོ་ཞིག་གིས་བཤད་དོན། ནད་ཐོག་སྨན་བཅོས་བྱེད་སྐབས་འདི་ལྟ་བུའི་ཕོ་བའི་སྐྲན་ནད་ཕོག་མཁན་གྱི་ན་གཞོན་ཇེ་མང་དུ་ཕྱིན་འདུག ཐ་ན་ལོ་བཅུ་གྲངས་ལྷག་གི་ནར་མ་སོན་པའི་མི་ཡང་ཡོད་པ་རེད།

རིགས་གཅིག་མཁས་ཅན་གྱིས་རང་རྒྱལ་གྱི་ཕོ་བའི་སྐྲན་ནད་ཐོན་མང་བའི་ལོ་ཚད་དེ་ལོ་45ཡན་དུ་གཅིག་སྡུད་བྱས་ཀྱང་། ཉེ་བའི་ལོ་ཤས་རིང་གཞོན་ནུ་ཚོར་ཕོ་ཁའི་སྐྲན་ནད་ཕོག་མཁན་མང་པོ་ཡོད་པས་དོགས་ཟོན་དང་མཐོང་ཆེན་བྱེད་དགོས་ཞེས་བསྟན་ཡོད།

གཉིས། ཕོ་ཁའི་སྐྲན་ནད་ལ་ཇི་ལྟར་སྔོན་འགོག་བྱེད་དགོས་སམ།

དང་པོ། ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་ (幽门螺杆菌) རྩ་བ་ནས་མེད་པར་བཟོ་དགོས།

ཕོ་བའི་སྐྲན་ནད་ཀྱི་ཤི་ཚད་དེ་ངན་སྐྲན་ནང་གི་ཤི་ཚད་མཐོ་ཤོས་གསུམ་པ་དེ་ཡིན། རིགས་གཅིག་མཁས་ཅན་གྱིས་ཕོ་བའི་སྐྲན་ནད་ཀྱི་ནད་དཔེ་མང་ཆེ་བ་ནི་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་འགོས་པའི་ནད་པ་ཡིན་པ་མ་ཟད། ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་འདི་མི་ཚོགས་ཁྲོད་ཕན་ཚུན་ཁྱབ་སྤེལ་བྱེད་ཆོག དེའི་རྐྱེན་གྱིས་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་རྩ་བ་ནས་མེད་པར་བཟོས་ན་ཕོ་བའི་སྐྲན་ནད་ཕོག་པའི་ཉེན་ཁ་རྩ་བ་ནས་སྔོན་འགོག་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

པེ་ཅིང་སློབ་ཆེན་སྨན་ཁང་གསུམ་པའི་འཇུ་བྱེད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སུང་ཀྲི་ཆང་གིས་ཕོ་བའི་སྐྲན་ནད་80%ཚང་མ་ནི་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་དང་འབྲེལ་བ་ཡོད། ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་རྩ་བ་ནས་མེད་པ་བཟོས་ཚེ་ཕོ་བའི་འབྲས་སྐྲན་འབྱུང་རྩ་ནས་སྔོན་འགོག་བྱེད་ཐུབ་ཅེས་ངོ་སྤྲོད་བྱས། པེ་ཅིང་སློབ་ཆེན་ངན་སྐྲན་སྨན་ཁང་ཕོ་བ་དང་རྒྱུ་མའི་སྐྲན་ནད་ཀྱི་ལྟེ་གནས་ནད་ཁུལ་གྱི་ཀྲུའུ་རེན་གཞོན་པ་ཧྲའན་ཧྥེ་ཡིས། དུས་ཡུན་རིང་པོའི་ནང་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་འགོས་པའི་ནད་པར་ཕོ་བའི་སྐྲན་ནད་ཕོག་ཚད་ནི་རྒྱུན་གཏན་མི་ཚོགས་ལས་ལྡབ་6གིས་མཐོ་བ་ཡོད་ཅེས་བསྟན་ཡོད།

མིག་སྔར་རང་རྒྱལ་གྱི་མི་ཚོགས་ཕྱེད་ཀ་ཙམ་ལ་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་འགོས་ཡོད། ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་ནི་དཔེ་མཚོན་རང་བཞིན་གྱི་ཁ་ནས་བཟས་པའི་འགོ་རུང་བའི་འབུ་ཕྲ་ཞིག་ཡིན། མི་རྣམས་ཀྱིས་རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་གསོལ་ཅོག་གཅིག་གི་ཐོག་ཟ་མ་ཟ་བ་དང་། མཉམ་གཅིག་ཏུ་ཟ་མ་ཟས་ན་ཕན་ཚུན་འགོ་ཉེན་ཆེ།

གཉིས་པ། བསྙལ་ཟས་དང་སྲེག་ཟས་བཟའ་རྒྱུ་ཉུང་དུ་གཏོང་དགོས།

བཟའ་བཏུང་ཐད་ཚལ་བསྙལ་མ་དང་ཉ་བསྙལ་མ་ཟ་རྒྱུར་དགའ་བའི་ས་ཁུལ་ནི་ཕོ་བའི་སྐྲན་ནད་ཐོན་མང་བའི་ས་ཁུལ་ཡིན། རིགས་གཅིག་མཁས་ཅན་གྱིས་ཕོ་བའི་སྐྲན་ནད་ནི་ཁ་ནས་བཟས་པའི་འབྲས་སྐྲན་ཡིན་པ་དང་། ནད་གཞི་ཕོག་ཚད་དེ་བཟའ་བཏུང་དང་འབྲེལ་བ་དམ་ཟབ་ཡོད་པས་རྒྱུན་དུ་བཟའ་བཏུང་གི་གཙང་སྦྲ་ལ་དོ་སྣང་བྱེད་དགོས་ཞེས་བསྟན་ཡོད།

གསུམ། ཕོ་སྐྲན་གྱི་དུས་ཐོག་མར་ནད་རྟགས་མེད་པས། བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན།

ནད་གཞི་གཏན་འཁེལ་བྱས་ནས་ལོ་ལྔ་ནང་ཚུན་གྱི་ཕོ་བའི་སྐྲན་ནད་ཀྱི་དྲག་སྐྱེད་བྱུང་ཚད་བཅུ་ཆའི་དགུ་ལས་བརྒལ་ཡོད། འོན་ཀྱང་། མིག་སྔར་རང་རྒྱལ་དུ་དུས་ཐོག་མའི་ཕོ་བའི་སྐྲན་ནད་ཤེས་རྟོགས་བྱུང་ཚད་སྤྱིའི་ཆ་ནས་ཅུང་དམའ། ཕོ་བ་མི་བདེ་བའི་ནད་པ་མང་པོ་ཞིག་ཕོ་བའི་སྐྲན་ནད་ཡིན་པ་གཏན་འཁེལ་བྱས་ཚེ་ཕལ་ཆེར་ཚང་མ་ཅུང་ཛ་དྲག་པའི་དུས་ཚོད་ལ་སླེབས་ཡོད། དེ་བས། ཆེད་མཁས་པས་ཕོ་བའི་འབྲས་སྐྲན་གྱི་སྔ་དུས་སུ་ནད་རྟགས་མེད་པས། བརྟག་དཔྱད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཞེས་བསྟན་ཡོད།

རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་ཀྱི་ཕོ་བའི་འབྲས་སྐྲན་སྔ་ཙམ་གྲལ་བཤེར་བྱས་པའི་ཕྱོགས་སྟོན་གྱི་བླང་བྱ་གསར་ཤོས་གཞིར་བཟུང་། ཕོ་བའི་འབྲས་སྐྲན་ཡོད་པའི་ཁྱིམ་རྒྱུད་དང་ཚགས་སྒོའི་དུང་འཁྱིལ་དབྱུག་སྲིན་འགོས་པའི་ཉེན་ཁ་ཆེ་བའི་མི་ཚོགས་ཀྱིས་ལོ་རེར་ཕོ་ཤེལ་ཐེངས་རེ་བརྒྱབ་རྒྱུའི་གྲོས་འགོ་བཏོན་འདུག གཞན་ཡང་ཕོ་བ་མི་བདེ་བའི་ནད་རྟགས་ཐོན་ཚེ། རང་ཉིད་ཀྱིས་བརྟག་དཔྱད་བྱས་ནས་སྨན་ཉོ་མི་རུང་བར་དུས་ཐོག་ཏུ་སྨན་བཅོས་བྱེད་པ་དང་། སྐྲན་ནད་ཡིན་མིན་དཔྱད་ནས་སྔ་ཙམ་སྨན་བཅོས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号