མུན་ནག་ཁྲོད་ཁ་པར་ལ་བལྟས་ན་མིག་ལ་གནོད་པ་ཆེ།

དུས་རབས་འདིས། ང་ཚོ་མི་རེ་རེའི་ལག་ཏུ་ཁ་པར་རེ་སྤྲད་པས། ང་ཚོ་མི་མང་པོར་གོམས་གཤིས་ངན་པ་ཞིག་འཇགས་སོང་། དེ་ནི་མཚན་མོ་གློག་བསད་རྗེས་ཀྱང་མཚན་འཁྱོངས་བཏང་སྟེ་ནག་ཁུང་ནང་ཁ་པར་བལྟ་རྒྱུར་གོམས་སོང་བ་དེ་རེད། དེའི་རྐྱེན་གྱིས་སྨན་ཁང་ནང་མིག་ནད་སྨན་བཅོས་བྱེད་པར་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་འདུག་སྐད། ད་འོ་ན། མཚན་མོ་གློག་བསད་རྗེས་ནག་ཁུང་ནང་ཡུན་རིང་པོར་ཁ་པར་བལྟས་ན་རིན་ཆེན་གསེར་ལས་རྩ་ཆེ་བའི་མིག་ཟུང་ལ་གནོད་འཚེ་ཅི་ཡོད་ཟེར་ན། དེ་ཡང་ཞིབ་འཇུག་བྱས་པ་ལས་གནོད་འཚེ་ཆེ་བ་ཁག་བཞི་ཡོད་པར་བརྗོད་འདུག་པ་གཤམ་ལ་གཟིགས།

གཅིག མིག་ཡ་གཅིག་འཁྱུག་ཙམ་རིང་ལོང་བར་གྱུར་བ།

རྒྱུན་དུ་ནག་ཁུང་ནང་ཡུན་རིང་པོར་ཁ་པར་བལྟས་ན། མིག་ཡ་གཅིག་གིས་དངོས་པོ་མཐོང་ན་ཡང་། མིག་ཡ་གཅིག་གིས་འཁྱུག་ཙམ་རིང་དངོས་པོ་མི་མཐོང་བར་གྱུར་གྱི་ཡོད་ཅིང་། སྐར་མ་འགའ་ཤས་སོང་རྗེས་གཞི་ནས་སླར་གསོ་ཐུབ་ཀྱི་ཡོད། དེ་ནི་མིའི་མིག་ཟུང་གིས་དངོས་པོར་བལྟ་དུས་འོད་ཚོར་ཕྲ་ཕུང་རིགས་གཉིས་ཡོད་པས་ཡིན་ཏེ། འོད་ཚོར་ཕྲ་ཕུང་རིགས་གཅིག་གིས་མིག་ཟུང་ལ་འོད་ཆེན་པོ་ཕོག་དུས་དེ་མར་ལས་ཀ་ལས་ཏེ་ནག་ཆ་ནས་དཀར་ཆ་མཐོང་བར་བྱེད། མ་གཞི་འོད་དྲག་པོས་མིག་ཟུང་བལྟ་དཀའ་བར་འགྱུར་ཡང་དེ་མ་ཐག་དངོས་པོ་གསལ་པོར་མཐོང་ཐུབ། བརྒྱུད་རིམ་དེ་ལ་འོད་ལ་གོམས་པ་ཟེར། འོད་ཚོར་ཕྲ་ཕུང་རིགས་གཞན་དེས་ནག་ཁུང་གི་ཁོར་ཡུག་ཁྲོད་ལས་ཀ་བྱེད་ཀྱི་ཡོད་མོད། འོན་ཀྱང་དེ་ལ་གོམས་པའི་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི་ཡོད།

ཚད་ལྡན་གྱི་ཡིག་ཆའི་ནང་བཀོད་པ་ལྟར་ན། དུས་ཡུན་རིང་པོར་ནག་ཁུང་ནང་ཁ་པར་བལྟས་ན། མིག་གི་འོད་ཚོར་ཕྲ་ཕུང་ལ་ཤུགས་རྐྱེན་ཐེབས་ནས་མིག་ཤེད་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་ཡི་ཡོད་པར་བཤད།

གཉིས། མིག་སྐམ་པོ་དང་མིག་ལ་ངལ་དུབ་འབྱུང་སླ་བ།

ཞིབ་འཇུག་བྱས་པ་ལས་མངོན་པར། མི་མང་པོ་ཞིག་གིས་གློག་ཀླད་བཀོལ་ནས་ཆུ་ཚོད་གཅིག་སོང་རྗེས་མིག་རབ་རིབ་ཏུ་འགྱུར་བ་དང་། མིག་སྦོས་པ། མིག་ན་བ་སོགས་མིག་ཟུང་ ཐང་ཆད་པའི་ནད་རྟགས་ཐོན་གྱི་ཡོད། ཨ་ཅང་ཅང་། ལག་ཁྱེར་ཁ་པར་གྱི་འཆར་ཤེལ་ནི་གློག་ཀླད་ལས་ལྡབ་ཀྱིས་ཆུང་བ་དང་། བལྟ་བའི་བར་ཐག་ཀྱང་ཤིན་ཏུ་ཉེ་བས། མིག་ལ་གནོད་འཚེ་ཆེན་པོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།

སྤྱིར་ན་མིག་སྐྱིའི་ཐོག་གི་ཁྲག་རྩ་ནི་གཉིད་ལོག་པའི་ཚུལ་དུ་གནས་པས་ང་ཚོས་མཐོང་མི་ཐུབ། འོན་ཀྱང་དེ་ལ་ཚད་བརྒལ་གྱི་གནོན་ཤུགས་ཕོག་ཚེ། དེ་མུར་ཁྲག་རྩ་རྒྱས་ནས་ཁྲག་མང་པོ་འཕེལ་ཏེ་མགྱོགས་མྱུར་རྙིང་ཚབ་གསར་བརྗེ་བྱེད་པ་དེ་ཡང་ང་ཚོས་མཐོང་ཐུབ་པའི་ཁྲག་ཐིག་དམར་པོ་དེ་དག་རེད། མཚན་འཁྱོངས་བཏང་རྗེས་མིག་དམར་པོ་ཆགས་པ་ནི་དོན་དངོས་ཐོག་རང་གི་མིག་གིས་རང་ལ་དྲན་སྐུལ་བཏང་བ་ཞིག་ཡིན་ཏེ་མིག་ཟུང་དཀའ་ལས་ཁག་དྲག་ནས་ངལ་གསོ་བྱེད་རན་པ་ཞིག་ཡིན།

མིག་འབྲས་ཀྱི་ངོས་སུ་ད་དུང་གྲུབ་ཆ་ཞིག་ཡོད་པ་དེར་མིག་ཆུའི་སྐྱི་མོ་ཟེར་གྱི་ཡོད། དེས་གཙོ་བོ་མིག་སྐྱི་རློན་པར་བྱེད་པའི་ནུས་པ་ཐོན་གྱི་ཡོད། དུས་ཡུན་རིང་པོར་ལག་ཁྱེར་ཁ་པར་བལྟས་ན། རང་འགུལ་ངང་མིག་འབྱེད་བཙུམ་བྱེད་ཚད་དམའ་རུ་ཕྱིན་ནས་མིག་ཆུ་བཞུར་ཚད་མང་དུ་འགྲོ་བ་དང་། མིག་ཆུའི་སྐྱི་མོ་བརྟན་ཚུགས་བྲལ་ནས་མིག་སྐམ་པོར་འགྱུར་བ་དང་སྦོས་པ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད།

གསུམ། རྒྱང་སྒྲིབ་ནད་འབྱུང་བ་དང་ཚབས་ཇེ་ཆེར་འགྲོ་བ།

བྱིས་པའི་ངོས་ནས་བཤད་ན། བར་ཐག་ཉེ་སར་མིག་བལྟས་པ་མང་ན་རྫི་མའི་དབྱིབས་ཀྱི་ཤ་གནད་ཐང་ཆད་དེ་རྒྱང་སྒྲིབ་མིག་ནད་ཕོག་པའི་ཉེན་ཁ་ཆེ། ང་ཚོ་མི་དར་མར་མཚོན་ན་ཡང་དེ་དང་གཅིག་མཚུངས་རེད། ལྷག་པར་དུ་དགོང་མོ་ཟུར་ཉལ་བྱས་ཏེ་ཁ་པར་ཡུན་རིང་པོར་བལྟས་ན་མིག་ཟུང་ལ་རྒྱང་སྒྲིབ་ནད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ་ལ། མིག་གཉིས་ལ་ཁ་པར་གྱི་འོད་ཤུགས་ཕོག་ཚད་མི་འདྲ་བའི་དབང་གིས་རྒྱང་སྒྲིབ་ནད་ཕོག་ཤུགས་ཀྱང་མི་འདྲ་བ་འབྱུང་བ་ཡིན།

བཞི། མིག་སྐྱི་ཟུམ་པའི་སྔོ་གྲིབ་མིག་ནད་འབྱུང་སླ་བ།

སྔོ་གྲིབ་མིག་ནད་ནི་གཙོ་བོ་མིག་འབྲས་ལ་ཕྱི་རོལ་ཡུལ་གྱི་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ནས་མིག་གི་དབང་རྩར་གཏོར་སྐྱོན་ཕོག་པ་ཞིག་ཡིན།

མཚན་མོ་གློག་བསད་རྗེས་ནག་ཁུང་ནང་ཁ་པར་ཡུན་རིང་བལྟས་ན་མིག་གི་རྒྱལ་མོ་ཇེ་ཆེར་འགྲོ་བ་དང་བསྟུན། མིག་དབང་གི་གཤེར་གཟུགས་འཁོར་རྒྱུག་ལ་འཚང་འགག་འབྱུང་བ་དང་དེ་ནས་རིམ་བཞིན་མིག་ལ་སྔོ་གྲིབ་ནད་ཕོག་གི་ཡོད། སྔོ་གྲིབ་ནད་ནི་རང་རྒྱལ་དུ་བཅོས་ཐབས་དཀའ་བའི་མིག་ལོང་བར་འགྱུར་བའི་མིག་ནད་སྡུག་པོ་ཞིག་རེད།

མདོར་ན། ཁྱེད་ཀྱི་དཔྲལ་བའི་མིག་འབྲས་ཀྱི་འོད་མདངས་མ་ཡལ་ན། སྲིད་པ་འཇིག་རྟེན་ཁམས་ཀྱི་ལྟད་མོ་ལ་རྫོགས་མཐའ་མེད་པས། མུན་ནག་ཁྲོད་ཁ་པར་མ་བལྟ། ཁྱེད་ལ་གཉིད་ཀྱི་རང་དབང་དང་ཁ་པར་ལ་ངལ་གསོ་བའི་གོ་སྐབས་ཕྲ་མོ་རེ་གནང་རོགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号