ཆང་ནད་སེལ་ཐབས་བསྟན་པ།

ཆང་རག་གི་བསྟེན་ཚུལ་བསྟན་པ།
       དེ་ཡང་ཆང་རག་གི་བསྟེན་ཐངས་ཐད་གཙོ་བོ་རང་ཉིད་ཀྱི་གཟུགས་པོའི་རང་བཞིན་དང་ནད་གཞི་སོགས་ལ་དཔག་སྟེ་བསྟེན་དགོས་ཤིང་རབ་བྱུང་ན་བདེ་སྲུང་སྨན་པའམ་ནད་ཐོག་སྨན་པ་ལ་སྐད་ཆ་བྲིས་ཏེ་བསྟེན་ན་དེ་བས་ལེགས་ཏེ། དེ་མིན་པར་གང་བྱུང་དུ་ཆང་རག་སྤྱད་ན་རང་གི་ལུས་ལ་ནད་སྣ་ཚོགས་བསྐྱེད་ཅིང་སེམས་ཆང་གིས་མྱོས་པས་ལུས་ངག་ཡིད་གསུམ་བག་མེད་ཀྱི་བྱ་བ་ལ་འཇུག་པར་བྱེད། བསྟེན་ཚུལ་ཐད་དང་པོ་རང་བཞིན་དང་ནད་གཞིར་བརྟག་དགོས་ཏེ། དེ་ཡང་རང་ཉིད་ཀྱི་གཟུགས་པོའི་རང་བཞིན་དེ་བད་ཀན་དང་རླུང་ལས་གྱུར་པའི་རང་བཞིན་ཅན་ཡིན་ན་ནམ་རྒྱུན་ཆང་ཅུང་ཟད་འཐུངས་ན་འགྲིག་སྟེ། ཆང་གི་ངོ་བོ་དྲོ་བས་རླུང་འཇོམས་ཤིང་ནུས་པ་རྩུབ་པས་བད་ཀན་སེལ་བར་བྱེད། དེ་མིན་སྐྱེས་བུ་གང་ཞིག་ཆགས་པས་དུབ་པ་དང། གཉིད་ཆག་པ། བུད་མེད་ལྟ་བུ་ཁྲག་མང་དུ་ཟགས་མྱོང་བ། ལུས་ལ་རླུང་བསེར་བུ་ཕོག་པས་འཁྱགས་པ། སེམས་མྱ་ངན་གྱིས་མནར་བ། སེམས་ལས་ཆེ་བ་སྟེ་སེམས་ལ་གནོན་ཤུགས་ལྡན་པ། རྗེན་ཟས་ཀྱི་རིགས་མང་དུ་བསྟེན་པ་དང་། མ་ཚོས་པ་དང་འཇུ་དཀའ་བའི་ཟས་རིགས་ཟོས་པ། བཟའ་བཏུང་ཆེས་ཏེ་ཚད་ལས་འདས་པ། སྔ་མ་མ་ཞུ་ཕྱི་མ་ཟོས་པ། ཚིལ་དང་འབྲུ་མར་སོགས་སྣུམ་ཞག་ཆེ་བའི་རིགས་བཟའ་ཆེ་བ་བཅས་ནི་རླུང་དང་བད་ཀན་གྱི་ནད་གཞི་སློང་བའི་རྐྱེན་ཡིན་པས་དེ་ལ་ཆང་རག་འོས་འཚམ་བསྟེན་ན་ནད་གཞི་དེ་དག་སྔོན་འགོག་ཐུབ།
       གཞན་ད་དུང་གཟུགས་པོར་རླུང་འཕེལ་བ་དང་ཕོ་བར་བད་ཀན་རྒྱས་པ། མཚན་གཉིད་ཞན་པའམ་ཡེར་བ། ལུས་ཡོངས་ཀྱི་དྲོད་ཞན་པ། སེམས་བུག་དོག་པ། ལུས་ཤ་སྐེམ་པ། ཕོ་བའི་མེ་དྲོད་ཞན་པ་སོགས་ལ་ཆང་རག་ཚད་ལྡན་འཐུངས་ན་བདེ་ཐང་ལ་ཕན་ཐོགས་ཆེ་བའོ། གཉིས་པ་ཆང་རག་བསྟེན་པའི་དུས་ཚོད་ལ་བལྟས་ན་རླུང་དང་བད་ཀན་ལྡང་བའི་དུས་ཚོད་ལ་བསྟེན་དགོས་ཤིང་དཔལ་ལྡན་རྒྱུད་བཞི་ལས།རླུང་ནད་དབྱར་དུས་དགོང་དང་ཐོ་རེངས་ལྡང་། །བད་ཀན་དཔྱིད་དུས་སྲོད་དང་སྔ་དྲོ་ལྡང་། །ཞེས་གསུངས་པ་ལྟར་རང་ཉིད་ཀྱི་གཟུགས་པོའི་རང་ཞིན་རླུང་ཤས་ཆེ་བའམ་རླུང་གི་ནད་དང་ལྡན་ན་དགོང་དང་ཐོ་རེངས་ཀྱི་དུས་སུ་བསྟེན་ན་འཕྲོད་ཆེ་བ་དང་། གལ་ཏེ་བད་ཀན་རང་བཞིན་ཤས་ཆེ་བའམ་བད་ཀན་གྱི་ནད་དང་ལྡན་ན་སྲོད་འཁོར་ཕག་གི་དུས་སམ་ཡང་ན་སྔ་དྲོ་བསྟེན་ན་འཕྲོད་པའོ། དེང་དུས་ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན་དགོང་དྲོ་ཆུ་ཚོད་དྲུག་པ་ཙམ་ལ་བསྟེན་ན་འཚམ་པར་བཤད། གསུམ་པ་བསྟེན་པའི་ཚད་གཞིའི་ཐད་ཆང་རག་ནི་ནུས་པ་རྣོ་མྱུར་ལྡན་པས་དེ་ཙམ་མང་པོ་བསྟེན་རྒྱུ་མེད་ཅིང་། གལ་ཏེ་ཐལ་དྲགས་ན་ཕན་པ་ལས་གནོད་པ་ཆེ་བར་བཤད། བོད་སྨན་སྨན་གཞུང་ལྟར་ན། ཆང་ནི་ཞིམ་པོ་ཕོར་བ་རེ། །ཉིན་རེ་བཞིན་དུ་བཏང་བར་བྱ། །ཞེས་ཆང་རག་བསྟེན་པའི་མང་ཉུང་གི་ཚད་ནི་ཕོར་བ་གང་རེ་ཡིན་པར་བསྟན་པ་དང་དེང་དུས་ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན། ཉིན་རེར་སྦི་རག་ཤེལ་དམ་ཧའོ་ཧྲེང་༢༠༠ཙམ་དང་ཨ་རག་དེའི་བཅུ་ཆ་གཅིག་ཙམ། རྒུན་ཆང་དེའི་ལྔ་ཆ་གཅིག་ཙམ་མཆོད་ན་ཚད་རན་པོ་ཡོད་པར་བཤད། བཞི་པ་གནས་སྐབས་གང་འདྲ་ཞིག་ལ་ཆང་རག་ངེས་པར་སྤོང་དགོས་པར་བཤད་ན། ལྟོ་སྟོང་དུས་ལ་ཆང་རག་བསྟེན་རྒྱུ་མེད་ཅིང་དེས་རང་ཉིད་མྱུར་དུ་ཆང་གིས་བཟི་བའམ་ཕོ་བ་ལ་གནོད་པ་ཆེན་པོ་ཡོད་པ། རང་ཉིད་ཀྱི་གཟུགས་པོའི་རང་བཞིན་ཁྲག་མཁྲིས་ཅན་དང་ཡང་ན་ཚ་བ་ཆེ་བའི་ཁུལ་དུ་གནས་པ། སྤྱོད་ལམ་དྲག་ཤུལ་གྱི་ལས་བྱེད་པ་སོགས་ཀྱིས་ཆང་རག་བསྟེན་རྒྱུ་མེད་པ། ཁྱད་པར་དུ་དྲེག་ནད་དང་། ཁྲག་ཤས་ཆེ་བའི་ཁྲག་རླུང་སྟོད་འཚངས། གཅིན་སྙི་ཟ་ཁུའི་ནད། སྙིང་ནད། ཕོ་བ་སྨུག་པོའི་ནད། མཆིན་པའི་ནད། འབྲས་དང་སྐྲན་ནད་བཅས་ཀྱི་ནད་གཞི་ཡོད་པ་རྣམས་ཀྱིས་ཆང་རག་འཐུངས་རྒྱུ་མེད་ཅིང་ནད་གཞི་ལྕི་རུ་འགྲོ་བའོ། །བཞི་པ་དེང་སང་མི་མང་པོ་ཞིག་ཆང་དང་སྦི་རག་སོགས་ཤིན་ཏུ་གྲང་མོ་བསྟེན་རྒྱུར་དགའ་པོ་ཡོད་མོད་དོན་དུ་དེས་ཕོ་བ་ལ་ཤིན་ཏུ་གནོད་པོ་ཡོད་པས་ཆང་རག་ཤིན་ཏུ་གྲང་མོ་བཟོས་ཏེ་འཐུང་མི་ཉན་ཞིང་བད་རླུང་ཅན་གྱི་མི་ལ་རབ་བྱུང་ན་ཆང་རག་ཅུང་ཟད་ཚ་མོ་བཟོས་ཏེ་འཐུངས་ན་དེ་བས་ལུས་ལ་ཕན་པ་ཆེ་བ་ཡོད་པའོ། །
ཆང་ནད་སེལ་ཐབས་བསྟན་པ།
       དེ་ཡང་ཆང་རག་ཚད་ལས་འདས་པ་འཐུངས་ན་མིའི་གཟུགས་པོ་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཡོད་པ་གོང་དུ་ཞུས་ཟིན་ལ། བོད་སྨན་སྨན་གཞུང་དག་ལས། ཆང་ལས་ནད་གྱུར་རྣམ་གྲངས་ནི། །ཉེས་གསུམ་འདུས་པའི་ནད་དང་ནི། །མྱོས་དང་བརྒྱལ་དང་ཀུན་སོང་ནད། །ཞེས་ཆང་རག་ཚད་ལས་འདས་པ་འཐུངས་པའི་རྐྱེན་གྱིས་མིའི་གཟུགས་པོའི་ཉེས་པ་རླུང་མཁྲིས་བད་ཀན་རྣམས་འཁྲུགས་ཤིང་ཤེས་པ་རབ་ཏུ་མྱོས་པས་གར་སོང་གར་བསྡད་སོགས་དྲན་རྒྱུ་མེད་པ་དང་། ཐ་ན་འགའ་ཞིག་དྲན་མེད་དུ་བརྒྱལ་བའང་ཡོད་པ་སོགས་མདོར་ན་ཆང་རག་གི་རྩི་དེ་ལུས་ཀྱི་གནས་ཀུན་དུ་ཞུགས་པས་ལུས་སེམས་ཀུན་མི་བདེ་བའི་རྣམ་འགྱུར་སྣ་ཚོགས་སྟོན་པར་བསྟན་པའོ། ནམ་རྒྱུན་འཚོ་བ་དངོས་ནང་དུའང་ཆང་རག་འཐུངས་དྲགས་པའི་རྐྱེན་གྱི་ཆང་བཅུད་ཀྱི་དུག་ཕོག་སྟེ་མྱུར་དུ་འཆི་འགྲོ་མཁན་ཡང་མང་པོ་ཡོད་ལ། ལྷག་པར་དུ་ཆང་རག་འཐུངས་པའི་ཉིན་གཉིས་པར་མགོ་བོ་ན་ཞིང་མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་པ། ཁ་ཟས་དང་ག་མེད་པ། ཕོ་བར་ན་ཟུག་གཏོང་བ། ལུས་པོ་ཉོབ་མདངས་ལྡན་ཞིང་ཤུགས་མེད་པ་སོགས་ཆང་ནད་ཕོག་པའི་མངོན་ཚུལ་མང་པོ་སྣང་། དེ་ལ་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་གོང་གསལ་ཆང་ནད་ཀྱི་རྟགས་དེ་རྣམས་མི་ཡོང་བའི་ཆེད་དུ་ཆང་རག་མ་འཐུངས་པའི་གོང་དུ་ཕོ་བ་ལ་སྲུང་སྐྱོབ་བྱེད་པའི་སྨན་འགའ་ཞིག་བསྟེན་དགོས་པར་བསྟན་པ་སྟེ། དཔེར་ན།ཆང་རག་མ་འཐུངས་དུས་ཀྱི་ནངས་སྔ་ལ། །དཀར་པོ་དྲུག་སྦྱོར་ཐུན་རེ་ཆག་མེད་ཀྱིས། །དེ་ཉིན་ཆང་རག་གཙོས་པའི་ཟབ་རིགས་རྣམས། །ནད་སྐྱོན་མི་བྱེད་ལུས་ལ་བདེ་བར་མངོན། །ཞེས་ཆང་རག་འཐུངས་པའི་ཞོགས་པ་དེར་དཀར་པོ་དྲུག་སྦྱོར་ཐུན་རེ་ཁོང་དུ་ཟོས་ན་ཆང་ནད་མ་བྱུང་སྔོན་འགོག་ཐུབ་པ་དང་ལུས་བདེ་བར་གནས་ཐུབ་པར་བཤད།
       གཞན་ཡང་ནམ་རྒྱུན་ཆང་རག་མ་འཐུངས་གོང་ལ་གྲུབ་ཐོབ་རིལ་དཀར་དང་ཕག་གྲུ། བདུད་ཏིག རིལ་དཀར་པད་སྡོང་། ཞི་གསེར་སོགས་བད་མཁྲིས་ཀྱི་སྨན་ཐུན་རེ་བསྟེན་ཐུབ་ན་ཆང་ནད་སྔོན་འགོག་བྱེད་པར་ཕན་ཐོགས་ཡོད་པ་འཚོ་བ་དངོས་ལས་ཤེས་ཐུབ། ཡང་ཆང་ནད་ཕོག་ཟིན་ན་ཐོག་མར་ཆུ་སྐོལ་ལམ་ཆུ་སྐོལ་སྐོལ་གྲང་མང་དུ་འཐུང་རྒྱུ་གལ་ཆེ་ཞིང་། དེ་ནས་ནད་རྟགས་མི་འདྲ་བ་ལ་བལྟོས་ཏེ་བོད་སྨན་བསྟེན་རྒྱུ་གལ་ཆེ་སྟེ། བོད་སྨན་སྨན་གཞུང་དག་ལས། ཉེས་པ་མཁྲིས་རྟགས་ཤས་ཆེ་ན་མཁྲིས་ལས་རྣམ་རྒྱལ་བཏང་དགོས་པ་དང་བད་ཀན་ཤས་ཆེ་ན་རིལ་དཀར་པད་སྡོང་། རླུང་ཤས་ཆེ་ན་ཨ་གར་བརྒྱད་པ་བཅས་བསྟེན་དགོས་པར་བཤད་ཅིང་དེ་མིན་ད་དུང་བདུད་ཏིག་དང་ཞི་གསེར་སོགས་གང་དགོས་ནད་བབས་ལ་བརྟག་སྟེ་བསྟེན་ན་ཆང་ནད་མྱུར་དུ་དངས་རྒྱུར་ཕན་ཐོགས་ངེས་ཅན་ཡོད། གཞན་ཡང་སྨན་གཞུང་ལས། ཐམས་ཅད་ལ་ཡང་ཁྱད་པར་དུ། །མཁྲིས་པ་ཤས་ཆེར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཆང་ནད་ནི་གཙོ་བོ་ཆང་གི་ངོ་བོ་དྲོད་འཕེལ་བའི་རྐྱེན་གྱིས་ན་བས་ན་མཁྲིས་སྨན་ཤས་ཆེར་བསྟེན་དགོས་པར་བཤད། མདོར་ན་སྤྱིར་བཏང་ཆང་རག་མང་པོ་འཐུངས་མི་དགོས་ན་ཡག་ཤོས་ཡིན་པ་དང་གལ་ཏེ་ཐབས་མེད་ཀྱིས་འཐུངས་དགོས་བྱུང་ན་མ་མཐར་ཡང་ཆང་འཐུངས་པའི་སྔ་རོལ་དུ་ཟ་མ་རྒྱགས་ཚད་བཟའ་དགོས་པ་དང་རབ་བྱུང་ན་ཕོ་བར་སྲུང་སྐྱོབ་བྱ་བྱེད་འོ་མ་ཅུང་ཟད་བསྟེན་ན་ལེགས་པའོ། །

སྐྱོན་ཡོན་ཟུང་དུ་འཇུག་པའི་འཐུང་བྱ་ཆང་རག་འདི། །
རྣམ་ཀུན་སྐྱིད་སྡུག་གཉིས་ཀའི་བསུ་མ་ཡིན་པས་ན། །
འཚོ་བའི་གྲུ་ཟུར་ཁག་ན་མེད་དུ་མི་རུང་བས། །
འདི་ཡི་འཐུང་ཚུལ་ལ་སོགས་ཀུན་གྱིས་ཤེས་པར་བྱ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号