མགོ་དཀྲིས་དཀྲིས་པའི་འབྲོག་པ།(ཞར་བཀོད་གསུམ།)
སྲབ་མདའ། རྨ་ལྷོ།
ཕ་ཡུལ་གྱི་གནམ་སའི་མཚམས་སུ
འོད་འཁྱུག་པའི་སེང་རས་ཀྱི་མགོ་དཀྲིས་དེ་ནི
འབྲོག་པ་ཚོའི དུས་གཏན་དུ་བསྐྱུར་མི་ཐུབ་པའི
བརྩེ་དུང་གི་སྣང་བའི་ཁ་དོག་དེ་ཡིན་པ་ལས
མགོ་དཀྲིས་དཀྲིས་པའི་འབྲོག་པ་དག་ནི
རྫོང་མཁར་གྱི་གླེན་པ་མིན་ལ
ངོ་གདོང་མི་མཐོང་བ་ཙམ་གྱིས
སྤྱི་ཚོགས་ཀྱི་ཉེས་ཅན་དེ་བས་ཀྱང་ཡིན་མི་སྲིད
ཉི་འོད་ཀྱི་ཟེགས་མ་ཁུར་བའི
བར་སྣང་གི་རི་ཆུའི་ངོས་སུ
གྲོང་ཁྱེར་གྱི་དུད་དྲེག་མི་འགོས་པའི་ཆེད་དུ
འབྲོག་པ་ཚོས རང་ཉིད་ཀྱི་རྣམ་ཤེས
མགོ་དཀྲིས་འདིས་ལན་གསུམ་དཀྲིས་རྗེས
མི་རབས་ཤིག་གི་སྒལ་ཚིགས་སྲུང་ནས་ཡོད
ཕྱི་ཡི་ཁ་ཆར་བུ་ཡུག་གི་མདའ་མདུང་འགོག་པའི
གངས་འདབས་ཀྱི་འབྲོག་པ་ཚོའི་རྨི་ལམ་དུ
མགོ་དཀྲིས་དེ་ནི སྒྱུ་རྩལ་གྱི་ཁྲབ་རྨོག་དར་འཕྲུ་ཅན་ཞིག
མགོ་དཀྲིས་དེ་ནི རང་དབང་གི་འུར་རྡོ་གཤོག་པ་ཅན་ཞིག
མེ་ཏོག་གི་གཟུགས་སུ་གྲུབ་པའི་དབྱར་གཞུང་རེ་རེར
འཇའ་ཚོན་གྱིས་འཐག་པའི་མགོ་དཀྲིས་དེ་མཐོང་ཚེ
མཁའ་མཐའི་ལུག་ཁྱུ་འཚོ་བའི་ལྷ་མོ་གང་ཞིག་གི
མ་བཅོས་ཡིད་ཀྱི་དྲན་ངོགས་སུ་ཉར་བའི
མི་ཡུལ་གྱི་འབྲོག་པ དྭངས་གཙང་གི་འབྲོག་པ
སྤང་གི་རྒྱུག་རྟའི་རྨིག་རྗེས་སུ་ཐོར་བའི
མགོ་དཀྲིས་དཀྲིས་པའི་འབྲོག་པ་ཚོའི་མིག་ཟུང་ནི
དུས་རབས་ཀྱི་ས་རྡུལ་དང་རིང་དུ་གྱེས་པའི
རྩྭ་ཐང་གི་ཆེས་མཇུག་མཐའི་སྣང་བརྙན་དེའོ
མཚན་མོ་རྨས་མ།
བལྟས་ན སུན་རྒྱུ་མེད་པ
ཁྱེད་ཀྱིས་ང་ལ་གནང་བའི
བསླུ་བྲིད་ཀྱི་རི་མོའི་མདངས
མིག་གིས་མཐོང་དཀའ་བའི ནམ་མཁའི་ངོས་སུ
ཁྲག་གི་ཆར་བ་ཟམ་ཟིམ
གོན་ན རྙིང་རྒྱུ་མེད་པ
ཁྱེད་ཀྱིས་ང་ལ་གཡར་བའི
སྣང་བ་ཡི་ལྷམ་ཆ་གཅིག
སེམས་ཀྱིས་བཟོད་དཀའ་བའི རྐང་མཐིལ་དུ
དྲན་གདུང་གི་མེ་ཏོག་འདར་ཤིག་ཤིག
གཞའ་འདོད་ཀྱང་གཞའ་ཐབས་མེད་པ་དག
རྫོང་མཁར་འདིའི་ཁེར་རྐྱང་གི་ཆང་ཕོར་ཁ་རུ་འཁྱིལ་ནས
ཁ་རོག་གེར ལོ་ངོ་མང་ཙམ་འགོར
སང་ཉིན་ནས་བཟུང
ཁྱེད་ནི ངའི་ཡིད་ཀྱི་མཚན་མོ་རྨས་མ
རྨི་ལམ་ནང་གི་བརྩེ་བའི་ངོ་གདོང་དམར་པོ་དེ་ཡིན་ནམ
བསླུ་བྲིད་ཀྱི་ཚུལ་དུ།
ཁ་འབྲལ་མི་ཕོད་པའི་ཁ་པར་གྱི་སྐུད་སྣེ་རུ
ལེ་བདའ་དང་འཁང་ར་ཡིས
འཕག་འཚག་རྒྱག་ཐེངས་རེར
མིག་ཆུ་ནི མ་གཞི་ནས་དྲོད་མེད་པའི
རྡོ་ཡི་རྩེད་ཆས་ཆུང་ཆུང་དེ་ཡིན་པ་འདྲ
མདང་གི་བཤད་འཕྲོར་ལུས་པའི
སྒྱུ་མའི་ཚིག་གི་མདུད་པ་དེའང
མདོར་བསྡུས་ན ལས་དབང་ཟེར་བའི
རྫུན་གྱི་བེམ་པོ་དེའི་མཆན་འོག་ནས་ཐར་ཐབས་མ་བྱུང
ལོ་ཟླའི་བྲག་འགག་ནས་ཚུར་མ་མངོན་པའི
སྙིང་གཏམ་གྱི་རྫ་ཆུ་དྭངས་མོ
བསྐལ་པ་ནས་བསྐལ་པའི་བར་དུ
ཁུ་སིམ་མེར་ཐན་པའི་གཟུགས་སུ་འཁྲུལ
མཚན་མོ་དེར།
མཚན་མོ་དེར སྟོང་པའི་ཁམས་ནས་ཚོར་བའི་ཡིག་འབྲུ་འགུལ
མཚན་མོ་དེར རྨི་ལམ་གྱི་ཤོག་ལྷེ་དཀར་པོའི་སྟེང་ས་རྡུལ་ཆགས
མཚན་མོ་དེར རྨས་ཕོག་པའི་བརྩེ་དུང་གི་མཚེར་ཤུལ་སྟོང་པར་ལུས
མཚན་མོ་དེར ཆང་ཕོར་ནང་གི་གྲོང་ཚོ་གླུ་དང་གར་ལ་རོལ
མཚན་མོ་དེར རྒྱན་ལྐུགས་བྱེད་ཀྱི་རྟ་ཕོས་ལྟོགས་སྐོམ་མྱངས
མཚན་མོ་དེར སྨག་ནང་གི་སྤྱང་ཀིས་འཇབ་རྒོལ་ལ་རྣ་བ་བླགས
མཚན་མོ་དེར བོར་སོང་བའི་མཛའ་གྲོགས་ཀྱིས་གཉེན་བསྒྲིགས
མཚན་མོ་དེར རླུང་ནང་གི་རས་གུར་ཇེ་འཁྱག་ནས་ཇེ་འཁྱག་ཏུ་གྱུར
མཚན་མོ་དེར བརྡ་རྟགས་མེད་པའི་ནང་སེམས་ལྷིང་ཞིང་འཇགས
མཚན་མོ་དེར བདུད་བྷེའི་གླུ་སྐད་ལ་ཉན་ནས་གཉིད་དུ་ཡུར
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注