གསེར་མདོག་གི་སྟོན་ཁ།

ཞོ་ར་བསམ་འགྲུབ་རྒྱལ། 

རི་ལུང་ཀུན་ཏུ་གསེར་གྱི་ཞུན་ཐིགས་ལྷུང་།།

སྡོང་པོའི་སྐྲ་ལོ་རླུང་གིས་གང་སར་སྤུར།།

དུས་བཞིའི་ཁ་དོག་རེས་ཀྱིས་འགྱུར་བ་འདི།།

ཟློག་ཐབས་མེད་པ་ལས་ཀྱི་རི་མོ་ཡིན།།

སྤྲིན་གྱི་ཡོལ་བས་ཕྱོགས་ཙམ་མ་སྒྲིབ་པའི།།

ནམ་མཁའི་བཞིན་རས་སྔོ་ཞིང་དྭངས་པ་འདི།།

ཡིད་འོང་བཀོད་ལེགས་གཡུ་ཡི་ཁང་བཟང་ལ།།

བདུད་རྩི་ཆབ་ཀྱིས་ལེགས་པར་བྲན་དང་མཚུངས།།

མཛེས་ཤིང་སྡུག་པའི་དཀར་དམར་མེ་ཏོག་དག།

རེ་རེ་བཞིན་དུ་སད་ཀྱིས་བཅོམ་པ་ན།།

རེ་འགའ་མཛེས་ཀྱང་མ་ངེས་དངོས་པོ་ཡི།།

ཆོས་ཉིད་གཤིས་སུ་གྲུབ་པའི་དཔེ་ཞིག་སྟོན།།

གཡོ་མེད་ཚར་དུ་དངར་བའི་རི་རབ་སྟེང་།།

བལྟས་ན་ཉམས་དགའ་སྤྲིན་གྱི་རྒྱ་མཚོ་འཁྱིལ།།

མིག་གི་མཐའ་རུ་འཁྲིགས་པའི་མི་ཚོགས་དག།

ནམ་ཞིག་སོ་སོར་གྱེས་ཏེ་བྲལ་དགོས་སྲིད།།

མཚན་མོ་ནམ་མཁར་ཟླ་བ་རྣམ་རོལ་ཚེ།།

བྱིས་པས་ཆུ་ནང་ཟླ་བ་ལྷུང་འདུག་སྙམ།།

འཛིན་པར་འདོད་ནས་རེ་བས་གོམ་ཁ་བཏེགས།།

རེ་ཞིག་བསྙེགས་ཀྱང་ངལ་བའི་རྒྱུ་རུ་གྱུར།།

དུས་ཚོད་ཆུ་ཡི་ཐིགས་པ་མགྱོགས་ཙམ་བཞུར།།

ལང་ཚོ་གོས་ཀྱི་རི་མོ་ཡལ་ནས་འགྲོ།།

ཁ་སང་དྲོད་ཀྱིས་སྨིན་པའི་མེ་ཏོག་དེ།།

དེ་རིང་དུས་ཀྱི་འཁྱགས་པས་ཡོངས་སུ་རྒུད།།

དུས་ནི་མི་རྟག་སྐད་ཅིག་གློག་བཞིན་འགྱུ།།

ཞག་དང་ཟླ་བ་ལོ་བཞིན་རེས་ཀྱིས་འཁོར།།

མི་ཚེའི་རྣམ་པ་རྩྭ་རྩེའི་ཟིལ་བ་འདྲ།།

འཆི་བདག་རླུང་ནི་ནམ་ཡོང་ཆ་མེད་རེད།།

ཕྱི་ཡི་རང་བྱུང་སྣོད་བཅུད་འཇིག་རྟེན་གྱི།།

ངོ་མཚར་ཕུལ་བྱུང་ལྟད་མོ་སྣ་ཚོགས་པ།།

ཆར་ཤུལ་འཇའ་ཚོན་བཞིན་དུ་ཡལ་ནས་ཐལ།།

འདི་ཡང་མི་རྟག་སྒྱུ་མའི་དཔེ་ཞིག་ཡིན།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号