བརྩེ་བའི་མགུལ་རྒྱན།

རང་མདངས།

ཁྱེད་ཀྱི་དུང་ཞེན་འོ་མཚོ་འཁྱིལ་ལུགས་ཡག །   

ང་ཡི་ཆགས་སེམས་རྦ་རླབས་གཡོ་ཚུལ་བཟང་། །  

འུ་གཉིས་དམ་ཚིག་འདྲེས་པའི་མཚོ་གཏིང་ན། །    

གཞལ་མེད་སྙིང་གི་དྲོད་ཁོལ་ཟད་མཐའ་བྲལ། །


མི་འབྲལ་ཚིག་གི་ཁ་དན་རྡོ་ལ་བྲིས། །  

ལོ་གསུམ་ཆར་ཆུས་རློན་ཡང་མི་འགྱུར་ཏེ། །  

སྙིང་སེམས་གཅིག་གིས་སྦྲེལ་བའི་རོགས་ལོ་དང་། །   

ཚེ་གཅིག་ལས་ཀྱི་བཞི་ཤད་ལྷན་དུ་འབྲི། །


སྙིང་སྡུག་ཞལ་ཆུང་རི་མོ་པིར་གྱིས་མིན། །    

ལྷན་སྐྱེས་མགྲིན་པའི་ངག་འཇམ་ཁུ་བྱུག་མིན། །   

དུང་སེམས་ཁ་བའི་ཚོན་མདངས་ཕྱག་བྲིས་མིན། །   

འོན་ཀྱང་ཚོགས་དྲུག་ཡུལ་ལ་རབ་ཏུ་རྨད། །


མི་སེམས་ལས་ཀྱིས་བསྒྲིག་པའི་གཞིས་ཆུང་ལ། །    

དགའ་སྐྱོ་ཚོར་བས་ཟིན་པའི་ལོ་ཟླའི་ཁྲོད། །   

མི་ཕྱེད་སྙིང་ན་མཚར་བའི་ན་ཆུང་དང་། །   

རེ་སྨོན་གཅིག་མཐུན་མིག་གིས་རྒྱང་ལྟ་བྱེད། །


ལུས་འཆོས་མ་སྒོམ་དབེན་པར་ཆོས་ལ་ཞུགས། །   

མི་བདེན་སྨྲ་ཡི་ལྕེ་རྩེ་ཀུན་ན་བདར། །   

སེམས་སོང་གཅེས་པའི་མི་ལ་ཞེན་ཆགས་ལུས། །   

ཕྱི་ཚུགས་གར་མཁན་བདག་ཀྱང་ཁྱོད་ལ་དུང་། །


ཁྱེད་ཀྱིས་ཚེ་གཅིག་རེམ་པའི་ཞེ་ཆོད་གྱིས། །    

ང་ཡིས་མ་འོངས་སྐྱོང་བའི་དུས་ལ་སེམས། །  

འུ་གཉིས་གཅིག་ཏུ་འཛོམས་པའི་སྐྱེད་ཚལ་ལ། །   

རབ་མཛེས་མིག་ལ་འོང་བའི་མེ་ཏོག་འཚོལ། །


ཉིན་མཚན་ཤུགས་ཀྱིས་མ་སྒོམ་ཏིང་འཛིན་གནས། །   

ལོ་ཟླ་ཡུད་ཀྱིས་བཅད་རོགས་ཞེ་མཐུན་མ། །  

བདག་སེམས་བརྩེ་བའི་མགུལ་ལ་རྒྱན་པ་ཡིས། །   

མི་འབྲལ་ཚིག་གི་བརྡ་ཆད་ངང་གིས་ཤོར། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号