མཚོ་མཐའི་རྒྱང་གཞས།
“ཡར་འབྲོག་གཡུ་མཚོའི་ཁ་ནས།། ངང་བས་ངང་ཕྲུག་ཁྲིད་སོང་།།”

                                              _____ཁ་བྱང་གི་འགྲེལ།

འཆི་མེད།

ཡངས་པའི་ཁ་ཞེང་དགུན་རླུང་ཙག་གིས་བསྡམས་སོང་།།
དར་འོག་ཉ་མོ་འགུལ་ན་ཞེ་རྩ་སྨྲེང་གིས།།
མི་སྡོད་རྒྱང་རིང་ངེས་མེད་ས་མཐར་སྙེག་འགྲོ།།
སང་ལོའི་ལོ་འདབ་གསར་བས་འཛུམ་གྱིས་བསྒུག་རོགས།།

སྤྲིན་པ་གྱ་གྱུ་ལྷུང་སའི་མཚོ་མཐའ་འདི་ནས།།
དབྱར་གྱི་ལོ་ཟླ་ཡལ་པའི་ངང་ཚུལ་དྲན་ན།།
ངང་ཕྲུག་འཁྱར་འཁྱོར་སྤོས་པའི་གོམ་འགྲོས་རེ་རེ།།
ངང་མོའི་སེམས་ཀྱི་དགའ་སྐྱོའི་སྣང་བ་རེ་རེ།།

མཛེས་སྡུག་སྒྲོ་མདངས་ཤོར་པའི་ངང་མོ་རྒས་དུས།།
འཕུར་འདོད་གཤོག་ཟུང་བརྐྱངས་ཀྱང་ཤེད་ཤུགས་མི་འདུག།
ངང་ཕྲུག་རང་མགོ་ཐོན་པའི་ལམ་ཞིག་རྙེད་ན།།
ཡིད་ཁ་གང་བའི་རེ་བ་དེ་ལས་མ་མཆིས།།

འཁོར་བ་ལས་ཀྱིས་བསྐོས་པའི་རྨི་ལམ་ལྗོངས་ན།།
ལོ་འདབ་རྒྱས་པའི་ལྗོན་པ་སུ་ལ་འཁྲུངས་ཡོད།།
དུངས་པ་འོ་མས་འཁྱིལ་བའི་མཛའ་བརྩེ་དྭངས་མོ།།
ཡ་ཆུང་སྨུག་པའི་ཀློང་ན་བཞུར་ས་མི་འདུག།

ཤང་ཤང་རྒྱུ་བའི་ཆུ་ཕྲན་ར་ལག་གཏུབ་ཀྱང་།།
མི་འདོད་དགུན་ཟླ་འགོག་པའི་བློ་ཐབས་མི་འདུག།
རྐང་ཆུང་བསྡམས་པའི་རྒྱ་མོའི་ཕྱི་རྟིང་ཙམ་ཡང་།།
སྤོ་ས་མི་རྙེད་ལམ་འདི་ཚེར་མས་གང་འདུག།

གཡུ་ཡི་རྣ་ལུང་བཏགས་པའི་བུ་མོ་ཡིན་ན།།
གོས་ཀྱི་ཐུ་བ་དོན་མེད་རླུང་ལ་མ་བཟེད།།
སེམས་ཀྱི་འཁྲི་ཤིང་གཞོན་ནུ་རི་ལ་འཁོར་ཡང་།།
ཕྱི་རོལ་འཇིག་རྟེན་འདི་ལ་ཡིད་རྟོན་མེད་དོ།།

གངས་རིའི་རྩེ་མོར་ཉི་མའི་འོད་མདངས་འཕྲོས་ཏེ།།
གཟི་བྱིན་ལམ་ལམ་འཕྲོ་བར་ཆག་རེ་བཞག་ན།།
ད་དུང་མི་མཚོན་སྙིང་ཐུབ་ཡིད་བཞིན་ནོར་བུ།།
མི་བརྗེད་དྲན་པའི་མིག་ཞགས་རྒྱང་ལ་བསྲིངས་ཡོད།།

ཆུ་འདི་ཆུང་ཡང་ཡར་ལྷ་ཤམ་པོའི་ཆུ་ཡིན།།
ཆང་འདི་ཉུང་ཡང་མ་བཅོས་སེམས་ཀྱི་མདངས་ཡིན།།
སྐྱིབས་འདི་འཁྱགས་ཀྱང་ངང་མོའི་གཤོག་རྩ་དྲོ་བ།།
འདི་ལ་སྙིང་པོ་མི་འདུག་ཟེར་ན་རྫུན་ཡིན།།

བརྒྱ་སྡེའི་ལམ་ནས་མི་ཚོགས་ཆུ་མོ་བཞུར་དུས།།
ཁྲ་ཆུང་སྐར་ཆེན་མདའ་སྒྲོ་གང་ལ་ཟུག་ཡོད།།
བྱ་ཁྱུང་རྫ་རི་གན་ལ་སྨུག་པ་ལངས་དུས།།
ང་རང་སྡོང་རྩེའི་འཇོལ་མོ་ཡིན་ན་བསམས་སོང་།།

སོང་ནས་མི་ཐོན་ས་ནི་འཁོར་བའི་མཐའ་རེད།།
བཙལ་ནས་མི་རྙེད་རྒྱུ་ཡང་དེ་ལས་མི་འདུག།
ཐོབ་ཤོར་རེས་མོས་འཇིག་རྟེན་མི་ཡི་ཚེ་ལ།།
སྙིང་པོ་ཡོད་མེད་ཚིག་ཐག་སུ་ཡིས་གཅད་ནུས།།

གཞོན་པའི་ལང་ཚོ་བཞུད་པའི་ལོ་ཟླའི་འགྲོས་ན།།
བྲིས་པའི་ཡིག་ཆུང་སུ་ཡིས་སྙིམ་པས་བསྐྱོར་རམ།།
མ་བཤད་གསང་གཏམ་མཛའ་བརྩེའི་འཕྲིན་པ་དཀར་མོ།།
ངེས་མེད་ནམ་མཁའི་དབྱིངས་ལ་རླུང་གིས་ཁྱེར་སོང་།།

གཞས་དེར་ཉོན་དང་སེམས་ལ་དྲན་རྒྱུ་ཨེ་འདུག།
རོལ་མོའི་དྭངས་ཤ་འཐུང་བའི་རྣ་གཤོག་ཨེ་ཡོད།།
སྒྲོ་འདབ་རླུང་ལ་བརྐྱངས་ཏེ་བར་སྣང་བསྙེགས་ན།།
འཛུམ་ཆུང་གེ་སར་ངོམ་པའི་ཕོ་ཉར་ཕེབས་ཤོག།
2020.4.5 ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号