སྟོན་གླུ་དྲན་པ་དགུ་སྡུག

ཀླུ་མགོན་རྒྱལ།


ད་ནི་ནམ་ཟླ་སྟོན་གྱི་ཡུན་ལ།།

གློ་བུར་དྲན་པའི་མགུར་མ་བཞེངས་ཡོང་།།

མགུར་མའི་དབྱངས་རྟ་རླུང་བུས་དཀྲོལ་ཡོང་།།

མགུར་མའི་རྡོག་བྲོ་ལོ་མས་འཁྲབས་ཡོང་།།


གླུ་དེ་རྒྱ་ལྕང་ཕྲ་མོས་བླངས་ཀྱང་།།

གླུ་དེ་བྱེའུ་ཆུང་འཇོལ་མོས་མ་གོ།།

གླུ་དེ་མཚོ་མོའི་རླབས་ཀྱིས་བླངས་ཀྱང་།།

གླུ་དེ་གསེར་མིག་ཉ་མོས་མ་གོ།།

གླུ་དེ་ཁ་ཡ་ན་ཟླས་བླངས་ཀྱང་།།

གླུ་དེ་སྡེ་ཆེན་སྡེ་བས་མ་གོ།།

གླུ་དེ་སྙིང་སྡུག་ནོར་བུས་བླངས་ཀྱང་༎

གླུ་དེ་དམར་ཆུང་སྲོག་གིས་མ་གོ༎


མི་སེམས་རླུང་གིས་བསྐྱོད་པ་མིན་ཡང་།།

མི་སེམས་རླུང་གིས་བསྐྱོར་ནས་བུད་སོང་༎

མི་སེམས་ལོ་མས་སྒུལ་བ་མིན་ཡང་༎

མི་སེམས་ལོ་མས་སྒུག་ནས་ཁྲིད་སོང་༎

འཁོར་བ་འོ་ཆུ་འདྲེས་མའི་མདངས་ལ།།

འོབས་དུང་སྡུག་གི་ལན་ཆགས་བསགས་ཡོང་།།

ལས་སྐལ་ཕྲ་མོའི་བལ་སྐུད་བར་ལ༎

རྣོ་དབལ་རལ་གྲིས་བར་ཆད་སྤྲད་ཡོང་༎

མིག་དེ་ཆུ་མོའི་གཞུང་ལ་ནུབ་སོང་༎

སེམས་དེ་བཙག་དང་བསེར་བུས་ཁུར་སོང་༎

བློ་དེ་འགྱོད་གདུང་མཚོ་མོས་བསྐྱོམས་སོང་༎

བར་དེ་གངས་དང་རི་བོས་ཆོད་སོང་༎

སེམས་དེ་མ་འཁྱག་མ་ཤི་བསྡད་ན༎

མ་འོངས་བདེན་པའི་འོད་ཅིག་འེ་འཆར༎

བློ་དེ་མ་འགྱུར་མ་ཡལ་བསྡད་ན༎

སྣ་ལྔ་སྡུག་གི་འཇའ་ཞིག་འེ་འཆར༎

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号