ངས་ཕ་ཡུལ་གྱི་དུར་ཁྲོད་དྲན།

(ཁག་གཉིས་པ)

གྱང་ཆག


མུན་པ་དང་ལྷིང་འཇགས་ལ་རྐྱ་འཐབ་པའི་མེ་ཏོག་གློ་དམར

ཡིད་འོང་གི་འདབ་མ་རེ་རེ་ས་ལ་འགྲིལ་སྟངས་ཀྱིས

དུས་ཚོད་ཀྱི་མདའ་རྩེ་ནས་ང་རང་ཕ་ཡུལ་གྱི་དུར་ཁྲོད་དུ

ཅིས་ཀྱང་ལོག་དགོས་པ་གསལ་འདེབས་བགྱིས


སྐབས་འདིར  མིག་ཟུང་ག་ལེར་ཟུམ་དུས

ངས་ཕ་ཡུལ་གྱི་དུར་ཁྲོད་དྲན

ང་རང་འཇིག་རྟེན་འདིར་གསོན་ཚུལ་ལ་འདང་རེ་རྒྱག་དུས

མ་འོངས་པའི་རྨི་ལམ་མཐའ་དག

དུར་ཁྲོད་ཀྱི་ལྷིང་འཇགས་དང་མཛེས་སྡུག་ཏུ་དཔྱངས


དུར་ཁྲོད་ཀྱི་གྲུ་ཟུར་གང་རུང་དུ་སེམས་པ་གླན་ཚེ

དུར་ཁྲོད་ནི་མཐའ་མཇུག་གི་ལོག་མལ་ཡིན་པ་ཡིད་ལ་དྲན

འཆི་བ་ནི་ཆོས་ཉིད་ཅིག་ཡིན་ཚུལ་ལ་མནོ་བསམ་གཏོང་ཚེ

མཛེས་སྡུག་གི་རྨི་ལམ་མ་ལུས་འཆི་བའི་ཐེམ་སྐས་སུ་གཤར


ངས་ཕ་ཡུལ་གྱི་དུར་ཁྲོད་དྲན་དུས

སྙན་ངག་འདི་དབུགས་ཀྱི་འབྱིན་རྔུབ་ཁྲོད་བདག་གི་སྙིམ་པ་རུ་སྐྱེས

ཡིན་ཡང་སྙན་ངག་འདིའི་རྩ་ལག་རེ་རེ

ཕ་ཡུལ་གྱི་དུར་ཁྲོད་དུ་འཐེན་ཡོད


སྙན་ངག་འདི  

མ་འོངས་པར་ང་རང་ཕ་ཡུལ་གྱི་དུར་ཁྲོད་དུ་ལོག་སའི་དཔྱང་ཐག་ཡིན

སྙན་ངག་འདི  

ང་དང་དུར་ཁྲོད་ཀྱི་བར་ཐག་འཇལ་བྱེད་ཀྱི་ཐག་པ་ཡིན


2023-4-ལ་བྲིས།

གྱང་ཆག 

    2002ལོར་རྫ་སྟོད་དུ་སྐྱེས། ཕ་ལགས་ཀྱིས་གནང་བའི་མིང་ལ་ལས་དབང་དར་རྒྱས་ཟེར་ཞིང་།  ཆུང་དུས་ཀྱི་མིང་ལ། བ་རེས་ཞེས་འབོད། རྫ་སྟོད་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན། དེ་སྔ་སྙན་ངག་གཙོས་རྩོམ་ཡིག་བརྒྱ་ལྷག་བྲིས་ཡོད། བརྩམས་ཆོས་བཅུ་ཕྲག་དུ་མ་ <<གངས་དཀར་རི་བོ>> << ཤྭ་སྐྱ >> << གཙང་གསུམ >> << འབོད་པ >> << འདན་གླིང་རྩོམ་རིག>> <<མཚོ་སྔོན་བོད་ཡིག་གསར་འགྱུར>> << ཁམས་པའི་ཚགས་པར >> <<ཀན་ལྷོའི་ཚགས་པར>> << རྔ་བའི་ཚགས་པར >> << གཞིས་ཀ་རྩེའི་ཚགས་པར>> << བཙན་པོ་མགར་གྱི་དྲ་བ >> << ཁམས་པའི་དྲ་བ >> << རྩོམ་པ་པོ་དྲ་བ >>བོད་ཁུལ་གྱི་སྤྱི་སྟེགས་ཆེ་ཤོས<<བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ>> <<ལུག་ཚང་དཔལ་ཡོན>> སོགས་སུ་བཀོད་དང་འགོད་མུས་སུ་མཆིས།  ཁམས་པའི་ཚགས་པར་དུ་དམིགས་བསལ་གྱི་ས་མིག་སྤྲད་ནས་སྙན་ངག་ཆེད་བསྒྲིགས་ཀྱང་སྤེལ།  ད་དུང་མུ་མཐུད་དུ་བོད་སྐད་ཡིག་གི་ལམ་ནས་ཁྱེད་ཚོར་སྐད་ཆ་རེ་ཨེ་ཤོད་ཀྱི་འདུན་པ་ཆེན་པོ་འཆིང་གིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号