སྙིང་ཉེ་བའི་ཟེགས་མ་ནག་མོ།

དབྱངས་ཞི་བ།    (སི་ཁྲོན)


དབྱར་གྱི་མཛེས་ལྗང་སྟེང་ནས་ཁུ་ལོ་ཞིག །

ལྡེམ་ལྡེམ་ངག་གི་སྒྱུ་རྩལ་འཁྱུག་བཞིན་དུ། །

ཁོ་བོའི་ལྷིང་འཇགས་སྒོ་མོ་ཡང་ཡང་བརྡུངས། །

དྲན་པའི་ཀློང་དུ་ན་ཟུག་ག་ཚད་བཞག །


སྐབས་རེར་དུས་ཀྱི་ཆར་ཆུ་ཟམ་ཟིམ་གྱིས། །

ཡིད་ཀྱི་མེ་ལོང་འདི་ཉིད་བརླན་པར་བྱེད། །

བསིལ་བྱུང་གོས་ཀྱི་སྐལ་བའི་སྐར་མ་དེ། །

ཟུར་མིག་གཡོ་བའི་ངང་ནས་ལན་རེར་བགྲོད། །


ཉིན་རེ་མཐོ་སྒང་རི་བོའི་ཟུར་འགྲམ་ནས། །

ནོར་ནག་རྗེས་སུ་ཚོར་ནས་སྔོན་དུས་ཀྱི། །

དུང་བ་དམར་རྒྱན་ཕོག་པའི་ལྷ་མོ་དེ། །

ཞེ་དང་བསམ་པའི་ཀློང་དུ་མཆིས་ཀྱིན་མཆིས། །


མཚམས་རེར་མཁའ་ཡི་བསིལ་ཟེར་ཁེར་རྐྱང་ལ། །

རེ་བའི་འོད་ཀྱི་སྐར་མའི་མེ་ཏོག་དེ། །

དང་ཐོག་མཐུན་པའི་གཏམ་གྱི་རི་མོ་དག །

ཀློང་གིན་ཀློང་ན་མིག་ཆུའི་ཆར་ཆུ་ཕབ། །


ས་མཐའི་མི་ཡི་ཞེ་འདང་མཚོ་མོ་རུ། །

འཁོར་གྱིན་འཁོར་བའི་ངང་མོ་གཞོན་ནུ་མ། །

བསམ་བྱུང་བསམ་ནས་དབེན་པའི་རི་ཁྲོད་ཀྱི། །

སྐྱོ་གར་རྣམ་རྟོག་འདི་ཉིད་སུ་ཡི་དཔོག །


ཆབ་ཤོག་ཝུ་ཆང་ཧུབ་ཀྱི་འཐུང་བཞིན་དུ། །

ལས་ཀྱི་སྨིན་པའི་ཚོར་བའི་རོལ་མོ་འདི། །

མི་རྟག་དར་ཁའི་འཆག་པར་མ་གཡོ་ན། །

རེ་བའི་མེ་ཏོག་གཞན་ཕྱོགས་བགྲོད་དོག་གང་། །


འཇིག་རྟེན་ཁམས་ཀྱིགཙང་བོས་བཞུར་རྒྱུན་དུ། ། 

འཛུམ་ཞལ་དུང་ཟླ་འཕྲོས་བའི་གཞོན་ནུ་ཁྱོད། །

  དོ་ནུབ་མཚན་མོས་ནམ་མཁའི་སྐར་རྒྱན་ཁྲོད། །

 ཐུན་གསུམ་རྨི་ལམ་བར་ན་གསལ་སེ་སྨིན། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号