བསླབ་བྱ་རིན་ཆེན་ཕྲེང་མཛེས་བཞུགས་སོ།།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན།
ན་མོ་གུ་རུ་མཉྫུ་གྟོ་ཥཱ་ཡ།
བསླབ་བྱ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ།
བདེ་གཤེགས་ཀུན་གྱི་སྐུ་གསུམ་གྱི།།
ཡེ་ཤེས་གཙང་མའི་རང་གཟུགས་ལ།།
ཤཱཀྱ་སེང་གེར་མཚན་གསོལ་བའི།།
སྟོན་པ་མཆོག་དེས་བདག་སྐྱོངས་ཤིག།
མཁྱེན་པའི་ཆ་ཤས་ཕྲ་མོས་ཀྱང་།
མཁའ་ལྟར་ཡངས་པའི་ཤེས་བྱའི་ཁྱོན།།
རྡུལ་ཕྲན་གོ་སར་འགོད་མཁས་པ།།
འཇམ་པའི་དབྱངས་ཀྱིས་དགེ་ལེགས་སྩོལ།།
བདག་ལ་ཕན་འདོད་གྲོགས་རྣམས་ལ།།
མངོན་པར་མཐོ་དང་ངེས་ལེགས་ཀྱི།།
ལམ་བཟང་མཚོན་ཕྱིར་དམ་པའི་གཞུང་།།
ཇི་བཞིན་འབེལ་བའི་གཏམ་འདི་གླེང་།།
དྲན་པ་ཡིས་ཀྱང་གདུང་སེལ་བ།།
ཁམས་གསུམ་འགྲོ་བའི་བླ་མ་དེས།།
བློ་ལྡན་ཁྱིམ་ན་གནས་པས་ཀྱང་།།
དོན་མཆོག་བསྒྲུབ་པའི་ཐབས་འདི་གསུངས།།
འདི་ཕྱིའི་ལེགས་ཚོགས་ཀུན་གྱི་གཞི།།
བླ་མ་མཆོག་ལ་རག་ལས་པས།།
ཡོན་ཏན་བཅུ་ལྡན་དམ་པ་དེ།།
ལེགས་བརྟགས་ཚུལ་བཞིན་བསྟེན་པ་གཅེས།།
ཉམ་ཐག་འཁོར་བར་རྒྱུ་བའི་ཚེ།།
བསླུ་མེད་དཀོན་མཆོག་གསུམ་པོ་ལས།།
ལྷག་པའི་སྐྱབས་གཞན་མ་མཆིས་པས།།
སྙིང་གོང་རུས་པའི་གཏིང་ནས་ནི།།
ཉིན་མཚན་དུས་དྲུག་སྐྱབས་འགྲོ་ཞིང་།།
དེ་ཡི་བསླབ་བྱའི་རིམ་པ་དང་།།
དཀར་ནག་ལས་འབྲས་ལེགས་བསམས་ནས།།
ཕྲ་ཞིང་ཞིབ་པའི་བླང་དོར་འཚལ།།
སྡིག་པ་ཆུང་ངུ་བྱས་པས་ཀྱང་།།
འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་།།
ཕུང་གྲོལ་ཆེན་པོ་བྱེད་འགྱུར་ཏེ།།
ཁོང་བར་སོང་བའི་དུག་བཞིན་ནོ།།
བསོད་ནམས་ཆུང་ངུ་བྱས་པས་ཀྱང་།།
འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན།།
དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ།།
འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན།།
རྒྱལ་སྲས་ཞི་བ་ལྷ་ཡིས་ཀྱང་།།
ཡིད་ལ་བསམས་པའི་དགེ་བྱས་པས།།
གང་དང་གང་དུ་འགྲོ་འགྱུར་བ།།
དེ་དང་དེར་ནི་བསོད་ནམས་དེས།།
འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར།།
སྡིག་པ་བྱང་བ་བདེ་འདོད་ཀྱང་།།
གང་དང་གང་དུ་འགྲོ་འགྱུར་བ།།
དེ་དང་དེར་ནི་སྡིག་པ་དེས།།
སྡུག་བསྔལ་མཚོན་གྱིས་རྣམ་འཇོམས་གསུངས།།
དཔལ་དང་ལྡན་པའི་ཁྱིམ་པ་ལ།།
ཕན་པར་མཛད་པས་བསླབ་གཞི་ལྔ།།
གསུངས་ཕྱིར་ཡོངས་རྫོགས་མ་ནུས་ཀྱང་།།
སྣ་གཅིག་སྣ་འགའིཚུལ་གྱིས་བསྲུང་།།
ཁྱད་པར་བཟང་བོའི་དུས་རྣམས་ལ།།
གསོ་སྦྱོང་ཡན་ལག་བརྒྱད་པའི་ཁྲིམས།།
བཞེས་ཤིག་མཐོ་རིས་འགྲོ་བ་ཡི།།
ལམ་བཟང་ཟླ་དང་བྲལ་བ་ལགས།།
དྲང་བོའི་རང་བཞིན་གཡོ་སྒྱུ་མེད།།
ཚིག་བཙུན་བདེན་པར་སྨྲ་བ་དང་།།
འདོད་ཆུང་ཆོག་ཤེས་དུལ་བ་ཡི།།
མི་ལ་དཔལ་མགོན་ཉེ་བར་གནས།།
དོན་ཆེན་བྱ་བ་ཅི་བསྒྲུབ་ཀྱང་།།
གྲོས་དང་འཇམ་པོའི་སྒོ་ནས་བསྒྲུབ།།
གྲུབ་ན་མཆོག་ཡིན་མ་གྲུབ་ཀྱང་།།
སྐྱོན་དུ་མི་འགྱུར་མཛེས་པ་ཡིན།།
བློ་ཆུང་མགུ་སླ་ཁྲོ་བ་སྐྱེན།།
གསར་འགྲོགས་ཆེ་ཞིང་ཕྱི་ཐག་ཐུང་།།
ངག་ནི་ཅལ་ཅོལ་ར་མ་ལུག།།
དེ་འདྲ་མཁས་པས་དུག་བཞིན་སྤང་།།
སེམས་ཅན་མོས་པ་སྣ་ཚོགས་པ།།
མང་བོའི་ནང་དུ་ཕྱོགས་ཞེན་དང་།།
གཉེན་པོ་བསྟེན་ཕྱིར་གང་ཟག་དང་།།
ཆོས་ལ་སྨོད་པ་འབྱུང་ཉེ་ཡི།།
དེས་ན་ལྷ་བཅས་སྟོན་པ་དེས།།
ངའམ་ང་འདྲའི་གང་ཟག་གི།།
ཚོད་བཟུང་གཞན་གྱིས་བཟུང་གྱུར་ན།།
ཉམས་པར་འགྱུར་ཞེས་གསུངས་པའི་ཕྱིར།།
ཐལ་བས་གཡོགས་པའི་མེ་དོང་ལ།།
བག་ཡོད་བསྟེན་ལ་ཇི་བཞིན་དུ།།
རྩེད་མོ་ག་ཞའི་ཆེད་དུ་ཡང་།།
བརྙས་སྨོད་ནམ་ཡང་བྱ་བ་མིན།།
གང་གིས་བྱང་ཆུབ་སེམས་དཔའ་ལ།།
ངན་སེམས་བསྐྱེད་ན་དེ་སྙེད་ཀྱི།།
སྐད་ཅིག་གྲངས་ཚུངས་སྐལ་བ་ནི།།
དམྱལ་བར་གནས་ཅེས་ཐུབ་པས་གསུངས།།
དེ་བཞིན་འཕགས་པ་ལྷ་ཡིས་ཀྱང་།།
འགྲོ་ལ་ཕན་ཕྱིར་གང་ཞིག་ལ།།
འཇིག་རྟེན་སྲིད་དུ་གནས་ཡོད་པ།།
དེ་ལ་སོར་གནས་དག་ཕུད་ན།།
སྡང་ལ་བསམ་ཐག་ཅི་ཡོད་གསུངས།།
དེ་བཞིན་རིགས་གཟུགས་ཐོས་པ་དང་།།
ལང་ཚོ་དབང་ཐང་གིས་རྒྱགས་པས།།
སྒོ་གསུམ་བརླང་པོར་སྤྱོད་པ་དེ།།
དགྲ་ལྟར་ཀུན་ཏུ་གཟིགས་པར་མཛོད།།
རྣམ་མང་སྐྱེ་བོ་འདུས་པའི་སར།།
དཔའ་རྩལ་ངོམ་དང་ཉམས་དགའི་ཕྱིར།།
གཞན་ལ་གནོད་པའི་བསམ་སྦྱོར་དག།
འབྱུང་བས་བླང་དོར་ཚུལ་ལ་བརྟག།
རྩྭ་ཆུ་ཙམ་གྱིས་འཚོ་བ་ཡི།།
བྱ་དང་རི་དྭགས་ཉ་ལ་སོགས།།
མགོན་སྐྱངས་མེད་པ་འདི་རྣམས་ནི།།
སྙིང་རྗེར་འོས་ཤིང་གཞན་དག་ལའང་།།
གནོད་འཚེ་ཆོམ་རྐུན་བྱི་བོ་བྱེད།།
ཚིག་རྩུབ་ཕྲ་མ་ལྕེ་གཉིས་དང་།།
ངོ་ཚ་ཁྲེལ་བོ་མྱོས་འགྱུར་ལ།།
བག་མེད་སྤྱོད་ལས་ལྡོག་པའི་རིགས།།
ཁྱོད་ཀྱིས་འབངས་འཁོར་གཞན་དག་ཀྱང་།།
སྙོམས་པར་བུ་བཞིན་སྐྱོང་བྱས་ན།།
དེ་དག་གིས་ཀྱང་ཁྱོད་ཉིད་ལ།།
ཕ་བཞིན་སྙིང་ཉེ་བཀུར་བར་འགྱུར།།
ཉེ་རིང་སྐྱེ་བོ་མཐའ་དག་ལ།།
ཚིག་ངན་མདེའུ་རྩེ་མི་སྟོན་ཏེ།།
རྣམ་སྨི་ཕར་ཞོག་འཕྲད་དུ་ཡང་།།
དེ་ལན་བྲག་ཅ་བཞིན་དུ་འབྱུང་།།
མངག་གཞུག་ཡིན་ཡང་ཞེན་ལྡན་པ།།
རྒན་ནམ་གཞོན་ཡང་བློ་ཅན་ལ།།
དགྱེས་པར་མཛད་ཅིང་དེ་དག་གི།།
ཚིག་ཀྱང་སྦྲང་རྩི་ལྟ་བུར་བཟུང་།།
བརྩེ་ཞིང་གུས་པས་གཞན་དག་གིས།།
གསོལ་ལ་བརྙས་པར་མི་བྱ་སྟེ།།
རྟ་ཡན་སྲབ་མེད་ལྟ་བུ་ལ།།
ཕྱིན་ཆད་ཕན་པར་སྨྲ་བ་དཀོན།།
བྱ་བ་ཅི་དང་ཅི་བྱེད་ཀྱང་།།
དང་པོར་ལེགས་པར་བརྟགས་ཏེ་བྱ།།
མ་བརྟགས་གྱ་ཙོམ་བྱས་པ་ལས།།
འགྱོད་ཅིང་ཉེས་པར་གྱུར་པ་མང་།།
རང་སྐྱོན་རང་གིས་ཤེས་དཀའ་ངས།།
མང་བོ་མཐུན་པར་བདག་གི་སྐྱོན།།
བརྗོད་ན་མཁས་པས་ངེས་བྱས་ཏེ།།
ཕྱིན་ཆད་ཁྲག་ངན་བཞིན་དུ་དབྱུང་།།
དགྲ་གཉེན་ངེས་པ་མ་མཆིས་ཤིང་།།
ཆགས་སྡང་ཅན་གྱིས་མ་ཁྱབ་པ།།
ཕྱི་ནང་གང་ནའང་མེད་མིན་པས།།
སྒོ་གསུམ་དྲང་བོའི་ལམ་དུ་སྲོངས།།
དཔལ་ལྡན་མར་མེ་མཛད་དཔལ་གྱིས།
མང་པོའི་ནང་དུ་ངག་ལ་བརྟག།
གཅིག་པུར་འདུག་ཚེ་སེམས་ལ་བརྟག།།
གསུངས་པ་ཇི་བཞིན་ཉམས་སུ་ལོངས།།
ཡོན་ཏན་ཕན་འདོགས་སྡུག་བསྔལ་ཞིང་།།
འདི་དག་ཕན་གནོད་ཆུང་ངུས་ཀྱང་།།
འབྲས་མང་འགྲུབ་པས་གནག་སྤངས་ལ།།
དཀར་བོའི་ས་བོན་རྒྱུན་དུ་ཐོབ།།
གྲོགས་མེད་སྲིད་པར་འཁྱམས་པ་ན།།
སྦྱིན་དང་མཚུངས་མེད་གཉེན་མཆོག་མེད།།
དེའི་ཕྱིར་འཇུངས་པའི་སེམས་བྲལ་བས།།
གཏོང་ལ་རྟག་ཏུ་གྱེས་པ་སྐྱེད།།
གྲགས་པ་ཉམས་འགྱུར་དྲུག་སྤངས་ནས།།
དགེ་བའི་ལས་ཀྱི་ལམ་བཅུ་ལ།།
གོམས་པར་བྱས་པས་ལྷ་དང་མིའི།།
གོ་འཕང་འཐོབ་པར་འགྱུར་བ་ལགས།།
ཁོན་དུ་འཛིན་པས་ཕུང་ཀྲོལ་དག།
བསྐྱེད་པས་སྡང་དང་ཁྲོ་སྤངས་ཏེ།།
བཟོད་དང་དེས་པའི་རང་བཞིན་གྱིས།།
ནད་མེད་གཟུགས་བཟང་དམ་སྒྲུབས།།
ཆོས་གསུམ་འདི་དག་ཕལ་མོ་ཆེ།།
རྒྱལ་བས་ཁྱིམ་པ་རྣམས་ལ་བསྔགས།།
དེའི་ཕྱིར་འདི་འདྲའི་ཚུལ་སྤྱོད་པའི།།
ཁྱིམ་གནས་བྱང་གྲོལ་ཐེམ་སྐས་ལགས།།
ཚེ་འདི་རྨི་ལམ་གློག་དང་མཚུངས།།
འཇིག་རྟེན་ཕ་རོལ་འཇིགས་པ་ཆེ།།
དེས་ན་ཕྱི་མའི་ལམ་རྒྱགས་དང་།།
གྲོགས་དག་འབད་པས་བསྒྲུབ་པའི་རིགས།།
འདོད་ཡོན་རོ་ལ་བརྐམ་པདང་།།
ཚེ་འདིའི་སྣང་བ་འབྲིད་མགས་པས།།
དོན་ཆེན་ཡལ་བར་འཆོར་བས་ན།།
དགེ་ཚོགས་བསྒྲུབ་ལ་བཅད་རྒྱར་མཛོད།།
སྙིགས་དུས་སྐྱེ་བོའི་ཚེ་སྲོག་དང་།།
སྲིད་པའི་ཕུན་ཚོགས་མཐའ་དག་ལ།།
ཡིད་བརྟན་ཅུང་ཟད་མ་མཆིས་པས།།
རྟག་ཏུ་བག་དང་ལྡན་པར་འཚལ།།
རྒྱལ་བའི་བགའ་དང་དགོངས་འགྲེལ་གྱི།།
རྣམ་མང་བསྟན་བཅོས་མཐའ་དག་ལ།།
མཁྱེན་པའི་སྤྱན་ཡངས་བཀྲམ་བྱས་ནས།།
ལེགས་བཤད་མང་བོ་དེ་ལས་འབྱུང་།།
ལེགས་བཤད་མང་དུ་མཐོང་ཐོས་ཀྱང་།།
བླང་དོར་ཚུལ་བཞིན་མ་བྱས་ན།།
མིག་ཅན་གཡང་ལ་ཆོང་དང་མཚུངས།།
དེས་ན་ཉམས་ལེན་སྙིང་བོར་དྲིལ།།
གལ་ཏེ་རྫོགས་པའི་སངས་རྒྱས་ཀྱི།།
གོ་འཕང་དམ་པ་འཐོབ་བཞེད་ན།།
བྱམས་དང་སྙིང་རྗེའི་རྩ་བ་ཅན།།
བྱང་ཆུབ་སེམས་མཆོག་བསྐྱེད་ཀྱང་འཚལ།།
འཁོར་འདས་ཆོས་རྣམས་མ་ལུས་པ།།
སྒྱུ་མ་ཆུ་ནང་ཟླ་བ་ལྟར།།
བདེན་མེད་རྟོགས་པའི་ལམ་གོམས་པས།།
ཉེས་བརྒྱའི་རྩ་བ་དྲུངས་ནས་འབྱིན།།
འདི་ལྟའི་ཉམས་ལེན་ལ་གནས་ནས།།
ལུས་ནི་ཟབ་གསལ་ལྷ་ཡི་སྐུ།།
ངག་ནི་གྲག་སྟོང་སྔགས་ཀྱི་སྒྲ།།
ཡིད་ནི་སྣང་སྟོང་ཆོས་དབྱིངས་དང་།།
དྲན་ཤེས་རྒྱ་ལས་མ་གྲོལ་བར།།
སྤྱོད་ལམ་ཀུན་ཏུ་སྐྱོང་བྱེད་ཅིང་།།
ཀུན་ཏུ་བཟང་བོའི་སྨོན་ལམ་གྱིས།།
ཡང་དང་ཡང་དུ་བརྒྱན་པ་གཅེས།།
འདི་འདྲའི་སྤྱོད་ཚུལ་ལ་གནས་པ།།
སྐྱེས་པའམ་བུད་མེད་ཡིན་ཡིང་རུང་།།
ཁྱིམ་གྱི་དཔལ་ལ་སྤྱོད་བཞིན་དུ།།
མཐོ་རིས་རྣམ་གྲོལ་དག་འཚལ་བགྲོད།།
སྙིགས་མའི་གདོན་གྱིས་ཡིད་མྱོས་པས།།
ཕན་པར་སྨྲ་དང་དེ་ཉིད་ཀྱི།།
རྗེས་སུ་འཇུག་པ་ཆེས་དཀོན་ཡང་།།
སྐལ་བཟང་རྣམ་དཔྱོད་ཡངས་པ་ཡིས།།
ཡུན་རིང་ཡང་དང་ཡང་བསྐུལ་བས།།
ལེགས་བཤད་རིན་ཆེན་འཕྲེང་སྤེལ་ཏེ།།
བློ་ལྡན་མགུལ་པའི་རྒྱན་ཉིད་དུ།།
ཆོས་ཀྱི་རྒྱལ་མཚན་ཞེས་བྱས་བཀོད།།
དགེ་བས་འགྲོ་བ་མ་ལུས་པ།།
མི་བཟད་སྲིད་པའི་མཚོ་བརྒལ་ཏེ་།།
སྐུ་གསམ་ནོར་བུའི་གླིང་མཆོག་ཏུ།།
བདེ་བླག་འཇུག་པའི་རྒྱུ་རུ་བསྔོ།།