ཚེ་གྲུབ་ཀྱི་དེབ་གསར«རྩོམ་སྒྲིག་མྱོང་བྱང»ཞེས་པ་པར་དུ་བསྐྲུན།

དེང་རབས་བོད་ཀྱི་རྩོམ་རིག་ནི་ཐོག་མའི་དུས་ཀྱི་ལད་ཟློས་སྨྲ་བ་དང་ཕྱིར་མཚོན་སྨྲ་བའི་རྒྱ་ལས་ཆེས་ཆེར་འགོངས་ཏེ། ད་ལྟ་རྩོམ་ཐབས་གསར་བ་སྣ་ཚོགས་བདོག་པས་སྲོལ་རྒྱུན་གྱི་མྱོང་རོལ་བྱེད་སྟངས་དང་། ཉམས་མྱོང་ཅི་རིགས་ལ་འགྲན་བསླངས་དང་སློང་བཞིན་ཡོད་སྟབས། རྩོམ་རིག་བརྩམས་ཆོས་ཤིག་ལ་གོ་བ་ཟབ་མོ་ཞིག་ལོན་པ་ལ་དེར་འབྲེལ་གྱི་གཞུང་ལུགས་ཤིག་ལ་མི་བརྟེན་ཐུ་མེད་དུ་གྱུར། གཞུང་ལུགས་པས་གསུངས་དོན། རྩོམ་རིག་བརྩམས་ཆོས་ལ་ཀློག་འགྲེལ་བྱེད་པའམ་དཔྱད་བརྗོད་སྤེལ་པ་གང་། ཀློག་མཁན་ཕན་ཚུན་བར་བརྒྱུད་སྒྲོག་དམིགས་བསལ་བ་ཞིག་ཡིན་པའི་གནས་བབ་དེར་གཞིགས་ན། ང་ཚོས་ངེས་པར་དུ་གཞུང་ལུགས་ཤེས་དགོས། རྩོམ་རིག་གཞུང་ལུགས་ཤིག་ལ་མ་བརྟེན་པར་ཞིབ་འཇུག་ཡང་དག་པའི་ཚད་ཅིག་ཏུ་བསླེབ་འདོད་པ་ནི་བློར་མི་ཤོང་བ་ཞིག་ཡིན། ཞེས་པ་ལས་གཞུང་ལུགས་ནི་འདུ་ཤེས་འཛིན་སྟངས་ཤིག་མ་ཡིན་པར་དེ་ནི་ང་ཚོ་རྩོམ་རིག་བརྩམས་ཆོས་ཀྱི་ཁམས་སུ་འཇུག་བྱེད་ཀྱི་ཐབས་ལམ་ཞིག་གམ་མཐོང་སྣེ་ཞིག་ཡིན་པ་ཤེས་ཐུབ། གཞུང་ལུགས་ལ་བརྟེན་པའི་རྩོམ་རིག་ཞིབ་འཇུག་ནི་ཉམས་མྱོང་ཙམ་མམ་དགའ་ཁ་མོས་ཕྱོགས་ཀྱི་དཔྱད་སྟངས་ལས་བརྒལ་ཏེ། གཏན་ཚིགས་ཀྱི་འགྲོས་དང་ལྡན་པ་ཞིག་ཏུ་གྱུར། རྩོམ་རིག་བརྩམས་ཆོས་གང་ཡིན་ལ་བསྟན་དོན་ཞིག་མངའ་བས་ཟབ་རྒྱ་ཆེ་མིན་གྱི་ཆ་ཅི་རིགས་མཆིས་པས་ན། དེར་འོས་འཚམ་གྱི་ཀློག་འགྲེལ་ཞིག་མེད་ན་བསྟན་དོན་ཟབ་མིན་གྱི་བབ་དེ་ཕྱིར་འདོན་ཁག ཀློག་འགྲེལ་དེ་ཡང་མྱོང་བ་ཙམ་བརྗོད་པའི་ཚད་ལས་བརྒལ་ཏེ། བློ་ཁ་དཔྱད་གཞིར་གཏད་པའི་རྒྱུས་ལོན་གྱི་གོ་རིམ་ཞིག་ཡིན་འོས། གོ་རིམ་དེར་གཞུང་ལུགས་ནི་དུས་དང་རྣམ་པ་ཀུན་ཏུ་གནས་ཤིང་། དེས་འགྲེལ་གང་རུང་ལ་མཐོང་སྣེ་དང་ཚོད་དཔག་གང་ཉིད་ལུགས་དང་མཐུན་མིན་གྱི་བདེན་ཁ་སྟེར་བ་ཡིན། གཞུང་ལུགས་ཀྱི་ཁྱད་ཆོས་འདི་འདོན་པ་ལ། བརྩམས་ཆོས་གང་ལ་རྒྱུས་ལོན་དང་གོ་རྟོགས་འབྱུང་བའི་བརྒྱུད་རིམ་དང་བསྡོང་དགོས་པར་གདམས། དཔྱད་བྱའི་བརྩམས་ཆོས་དང་འགོངས་པའི་གཞུང་འགྲེལ་ནི་དགོས་མེད་འབུར་དོད་ཀྱི་བྱ་བྱེད་ལས་མ་འདས་ཀྱང་། དེང་གི་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཁྲོད་དུས་རྒྱུན་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཞིག་ཡིན།

གཞུང་ལུགས་བཀོལ་སྤྱོད་བྱེད་པའི་དཔྱད་བརྗོད་ལ་མཚོན་ན། ཁ་གཏོད་སའི་ཡུལ་ནི་རྩོམ་རིག་བརྩམས་ཆོས་ཡིན། དཔྱད་བརྗོད་ནི་བརྩམས་ཆོས་གང་དེའི་མཛེས་པའི་ཆ་དང་སྐྱོན་གྱི་ཕྱོགས་འདོན་པ་ནི་ཉིང་དགོས་ཡིན། དེ་ནི་སྣེ་གཉིས་དང་འབྲེལ་འདུག་ལ། གཅིག་ནི་གཞུང་ལུགས་དང་འབྲེལ་ཞིང་ཅིག་ཤོས་དཔྱད་བྱའི་ཡུལ་དེ་བརྩམས་ཆོས་ཡིན། དཔྱད་བརྗོད་ལེགས་གྲས་ཤིག་ནི་གཞུང་ལུགས་ཀྱི་མཐོ་ཚད་ཅིག་ནས་དཔྱད་བྱའི་བརྩམས་ཆོས་གང་དེར་ཟུར་རམ་སྣེ་གང་རུང་ཞིག་ནས་ཀློག་འགྲེལ་བྱེད་སྟངས་སུ་གཏོགས། དཔྱད་བརྗོད་ལེགས་པོ་ཞིག་ནི་རྩོམ་རིག་རང་བཞིན་ཅན་ཞིག་ཀྱང་ཡིན། དེ་ནི་གཞུང་ལུགས་ཀྱི་ཐ་སྙད་འགའ་དགོས་མེད་དུ་འགྲེལ་བའི་ངོམ་སོ་ཞིག་མིན་ལ། མཛེས་པ་གསར་རྟོགས་བྱུང་བའི་དགའ་སྣང་དང་མཛེས་ཚོར་མྱངས་པའི་ཉམས་སྣང་ཕྱིར་འདོན་པའི་བྱ་བྱེད་ཅིག་ཡིན། གཞུང་ལུགས་པས་གསུངས་དོན། ཐོག་མར་དཔྱད་བརྗོད་ཀྱིས་ང་ཚོར་ཅི་ཞིག་བསྐྱར་ཀློག་བྱེད་དགོས་པ་དང་ཇི་ལྟར་བྱེད་པའི་གནད་འདོན་ལ། དངོས་ཡོད་དང་བགྲོ་གླེང་བྱེད་པའི་ཆ་དེ་ཕྱིར་ཕྱུང་བའི་གོ་རིམ་ཞིག་ཡིན་ཞེས་པ་ལྟར། དཔྱད་བརྗོད་མེད་ན་བརྩམས་ཆོས་གང་མང་ཞིག་དགུན་གྱི་ཁུ་བྱུག་ལྟར་གྲག་མེད་དུ་འགྱུར་བའི་ཉེན་ཁ་མངའ། དེང་གི་དུས་འདིར་བོད་ཀྱི་རྩོམ་རིག་དཔྱད་བརྗོད་ཀྱི་སྡེ་ལ་ཆེད་ལས་ཅན་གྱི་དཔྱད་བརྗོད་པ་ཉུང་བ་དང་། བདག་ལྟར་ཕྱི་ནང་གཞུང་ལུགས་ཀྱི་སྦྱོང་བརྡར་ཆེར་མ་ཐོབ་པ་དག་གིས་རང་སྣང་ལྟར་དཔྱད་མདོག་སྟོན་མཁན་མང་བ་ལས། གཞུང་ལུགས་བློ་སྦྱོང་གི་རྨང་གཞིའི་སྟེང་བརྩམས་ཆོས་གང་དེར་གཏད་ནས་གཏིང་ཟབ་མོར་ཞིབ་ཀློག་སྒོས་དཔྱད་པ་བརྗོད་མཁན་ཉུང་། རྐྱེན་དེས་དཔྱད་བརྗོད་ནི་ལུང་ཚིག་སྐམ་པོ་དགོས་པ་ཡོད་མེད་གང་དགར་དྲངས་ཏེ་རང་ལྟ་ངོམ་ཁུལ་ཙམ་མམ། ཡང་ན་ཐ་སྙད་འགའ་ལ་གཞན་འགྲེལ་རང་རྟོགས་སུ་སྤམ་བཟོ་བྱེད་པ་ལྟ་བུས་ཁྱབ་སྟབས། གནད་ལ་མི་འཁེལ་བ་དང་རྩ་དོན་བོར་བ། མཐོང་སྣེ་མེད་པ་སོགས་ཀྱིས་དཔྱད་བརྗོད་ནི་ཁེར་བཤད་ཙམ་ལས་དཔྱད་བྱའི་བརྩམས་ཆོས་ནི་ཁ་རོག་གེར་ལུས་ཡོད་པའི་གནས་བབ་ཡིན། སྣང་ཚུལ་འདི་ལས་དཔྱད་བརྗོད་ཀྱི་སྙིང་སྟོབས་དང་འཇོན་ནུས་ལ་ཤུགས་སྣོན་པ་ལ། བརྩམས་ཆོས་ཡང་དང་བསྐྱར་དུ་ཞིབ་ཏུ་བཀླགས་པ་ལས་ནུས་ཤུགས་སྡུད་པ་དང་། ལྷག་དོན་གཞུང་ལུགས་ཐད་ཀྱི་བློ་སྦྱོང་ལ་འབད་པ་ནི་དེ་བས་ཀྱང་གལ་ཆེ།

དཔྱད་བརྗོད་ནི་གཞུང་ལུགས་རྒྱབ་དཔུང་དུ་ཅིའི་ཕྱིར་དཔྱད་བརྗོད་བྱེད་པ་དང་ཇི་ལྟར་བྱེད་པའི་གནད་དོན་འགྲོལ་བྱེད་དུ་གཏོགས་པས་ན། ཡང་གཞུང་ལུགས་པས་རྩོམ་རིག་གཞུང་ལུགས་ཀྱིས་རྩོམ་རིག་དཔྱད་བརྗོད་ལ་ལྟ་བ་དང་མཚན་ཉིད། ཤེས་བྱའི་ཚོད་བགམ་གྱི་བློ་ནུས་མཁོ་སྤྲོད་བྱེད་པ་ལས་གཞན། ཀློག་མཁན་ལ་བྱེད་ཐབས་ཤིག་གསོ་སྐྱོང་བྱས་ཏེ། དཔྱད་བརྗོད་གང་ཉིད་བྱེད་ཐབས་དེ་ལ་བརྟེན་ནས་བརྩམས་ཆོས་ཁྲོད་ཞུགས་སྟབས། སྐབས་དེའི་རྩོམ་རིག་ཀློག་འདོན་ཡང་ཆེད་ལས་ཅན་དུ་སོང་བས་རྒྱུན་ཤེས་འགས་སྣེ་ཁྲིད་པའི་གོལ་ལམ་ལ་གཡོལ་བ་ཡིན། དཔྱད་བརྗོད་ནི་དཔྱད་བྱའི་བརྩམས་ཆོས་དང་ཁ་ཁར་བཀྱེད་པའི་ཁེར་རྐྱང་གི་བརྗོད་པ་ཞིག་མིན་ལ། དེ་ནི་ཆེད་ལས་ཀྱིས་དབྱེ་ཞིབ་བརྒྱུད་ལེགས་རྩོམ་མམ་རྩོམ་རིག་གི་དགེ་མཚན་གྱི་ཆ་གང་ཉིད་ཀློག་མཁན་ལ་བརྡ་སྤྲོད་པ་དང་། ཀློག་མཁན་གྱིས་དཔྱད་བརྗོད་ལ་བརྟེན་ནས་བརྩམས་ཆོས་གང་དེར་རྒྱུས་ལོན་བྱེད་པའི་གོ་རིམ་ཞིག་ཡིན། གཞན་དཔྱད་བརྗོད་ནི་དུས་རབས་ཀྱི་སྙིང་སྟོབས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་མཁན་ཡང་ཡིན། དཔྱད་བརྗོད་ལ་བརྟེན་ནས་དུས་རབས་ཀྱི་སྙིང་སྟོབས་ཁྱབ་སྒྲོག་དང་ངེས་གཏན་གྱི་དུས་རབས་གང་དེའི་བསམ་བློའི་བྱེད་ནུས། ཀློག་མཁན་གྱི་ལྟ་ཀློག་གི་ནུས་པ་སོགས་མཐོར་འདེགས་བྱེད་ནུས་པར་མངོན། དཔྱད་བརྗོད་ལ་ད་དུང་བསམ་བློའི་བར་ཕོག་ཐུག་དང་བདེན་ལུགས་ལ་བརྡར་ཤ་གཅོད་པ་སོགས་ཀྱི་འགན་ཡང་ལྡན་པས་ན། དེར་ཐ་ཤལ་པའི་རང་གཤིས་དང་ཤེས་མདོག་སྟོན་པ། ཁེ་ཕན་ནམ་ཚོགས་པ་ག་གེ་མོའི་དགའ་སྡང་ཆགས་ཞེན་དུ་བྱིང་བ། ཁ་ཞེ་གཉིས་ལྡན་དུ་བརྗོད་པ་ནི་ཆེས་མི་རུང་བ་ཡིན་པར་གདམས། གཞུང་ལུགས་ཀྱིས་དཔྱད་བརྗོད་ལ་ཚད་གཞི་སྤྲད་ཅིང་། དཔྱད་བརྗོད་བྱས་པ་གཏིང་ཟབ་མིན་དང་ལུགས་མཐུན་ཡིན་མིན་དེ་བརྩམས་ཆོས་ཞིབ་ཀློག་བྱེད་པའི་ཆེད་ལས་ཀྱི་འཇོན་ནུས་དང་འབྲེལ་བ་ལས་གཞན། གཞུང་ལུགས་ངེས་ཚད་ག་འདྲ་ཞིག་ཡིན་པ་དང་ཡང་འབྲེལ་འདུགགཞུང་ལུགས་ཀྱིས་དཔྱད་པ་བརྗོད་མཁན་གང་ལ་བསམ་བློའི་ནུས་སྟོབས་བསྩལ་པ་དང་སྦྲགས། རང་གི་དཔྱད་འབྲས་གང་དེར་ཕྱིར་རྟོག་བྱེད་པའི་སྟོབས་ཤུགས་ཀྱང་བསྩལ་འདུག རྩོམ་རིག་ནི་དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་འགྱུར་བའི་རང་བཞིན་ཅན་དུ་གཏོགས་པས་ན། དུས་རབས་རེ་རེར་དེར་བསྟུན་གྱི་གཞུང་ལུགས་གསར་བ་བྱུང་དང་འབྱུང་བཞིན་པའི་གནས་བབ་འདིས་བཀའ་རྒྱ་ལྟ་བུར་འགོངས་ཐབས་མེད་པའི་གཞུང་ལུགས་ཤིག་མེད་ལ། རྩོམ་རིག་གཞུང་ལུགས་གང་ཡིན་ཡང་རང་གི་ཁྱབ་ཁོངས་དེར་བྱེད་ནུས་ལྡན་ཡང་། དེ་ལས་འགོངས་ན་དོན་མེད་དུ་འགྱུར་ཉེན་ཆེ། ང་ཚོ་ལ་ཚད་གཞི་ལྟ་བུའི་གཞུང་ལུགས་ཡོད་པས་ད་གཟོད་དབང་ཤེད་ཅན་ལ་གདོང་གཏོད་ཐུབ་པ་དང་ལྟ་བ་རིགས་གཅིག་བཀའ་རྒྱ་རུ་བསམ་མི་དགོས་པའི་རང་དབང་ལྡན་པ་ཡིན།

གཞུང་ལུགས་ནི་མ་ལག་རང་བཞིན་གྱི་ཉམས་མྱོང་དང་དོགས་དཔྱོད་ཀྱི་སྤྱི་སྡོམ་དུ་ཁས་འཆེས་པས་ན། དེར་ཕྱིར་རྟོག་དང་དོགས་དཔྱོད་ཀྱི་ཁྱད་ཆོས་ལྡན་པ་ལས་གཞན། རིགས་འདེད་རྩད་གཅོད་ཞིབ་དཔྱད་ཀྱི་བྱེད་ནུས་ཀྱང་ལྡན། དེར་བརྟེན། གཞུང་ལུགས་ཀྱིས་གོམས་པར་གྱུར་པའི་ཉམས་མྱོང་ངམ་རྒྱུན་ཤེས་ཅི་རིགས་ལ་འགྲན་སློང་ཞིང་། སྔར་ནས་གྲུབ་ཅིང་བདེན་པར་བཟུང་བའི་བསམ་བློ་དང་ལྟ་ཚུལ་ལའང་ཁ་གཏོད་ངེས། འདི་དག་ཚང་མ་གཞུང་ལུགས་གཏིང་ཟབ་མོར་ངེས་པའི་གནས་བབ་ལས་བྱུང་སྟབས། ང་ཚོར་མཚོན་ན་ད་དུང་རྒྱུན་ཤེས་ཀྱི་བབ་དེ་ལས་མ་འགོངས་པས་དཔྱད་བརྗོད་དུ་སྤེལ་བ་ཀུན་གཞན་དང་བསྡུར་ན་ཆེད་ལས་ཀྱི་རང་བཞིན་གཉོམ་པའི་མྱོང་བཤད་དུ་མངོན། གོང་དུ་གླེང་བ་ནི་ཁོ་བོའི་ཕུགས་བསམ་ཁྲོད་ཀྱི་རྩོམ་རིག་ཐད་ཀྱི་དཔྱད་པ་བརྗོད་སྟངས་ཤིག་ཏུ་འཁུམས་ཀྱང་། དེབ་འདིར་བསྡུས་པ་ནི་ཏག་ཏག་གོང་དུ་གླེང་བའི་མྱོང་བཤད་ལས་མ་འདས་མོད། ཡུན་རིང་བོར་རྩོམ་སྒྲིག་གི་མུ་སྐྱོང་ཞོར་ཚིག་དུམ་དེ་དག་ལྷན་དུ་སྦྲེལ་ན་སྒྱུ་རྩལ་དུ་ཇི་ལྟར་གྱུར་པའི་གསང་བ་སྔོག་འདུན་གྱི་ཧམ་སེམས་དེ་དུས་ནམ་ཡང་ཁོ་བོའི་བག་ཆགས་ཁྲོད་སིམ་ཡོད་སྟབས། རང་སྦྱོང་གི་ཚུལ་དུ་དེར་འབྲེལ་གྱི་གཞུང་ལུགས་དཔེ་དེབ་གང་མང་སོ་མེད་རྒན་མོས་ཤ་སྐམ་དམུར་བ་བཞིན་སྐྱོ་བ་མེད་པར་འབད་ཀྱང་། གཞུང་དོན་གྱི་གནད་མ་ལོན་པས་བརྩམས་ཆོས་ཤིག་ལ་གཞུང་ལུགས་ཀྱིས་ཚད་འཇལ་སྐབས། གཡག་སྣ་ཁུ་ཚུར་རམ་འབྲེལ་མེད་བཙན་སྤྲོད་ཀྱི་ཆ་དང་། དགོས་མེད་འབུར་དོད་ཀྱི་ཤན་ཡོད་ངེས་ཕྱིར་ཁོངས་འདིར་འཇུག་འདོད་ཀྱི་ལས་དང་པོ་བ་རྣམས་ལ་སྐྱོན་དེ་དག་ལས་གཡོལ་བའི་གསལ་འདེབས་ཙམ་དུ་གྱུར་ནའང་དགེ་བ་ཕུན་སུམ་ཚོགས་པའི་རྒྱུ་རུ་ངེས།

ཕྲན་ནི་གཞུང་ལུགས་ཀྱི་བློ་སྦྱོང་ཆེར་མ་ཐོབ་པའི་རྩོམ་སྒྲིག་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས་མྱོང་བའམ་རྒྱུན་ཤེས་ཙམ་གྱིས་རང་བློ་གཅུན་ཕྱིར། དཔྱད་བརྗོད་དམ་ཀློག་འགྲེལ་དུ་རློམ་པ་ཀུན་དཔྱད་པའི་སྟོབས་དང་འགྲེལ་བའི་འཇོན་ནུས་གཉོམ་ཞིང་། སྤྱིར་བཏང་གི་ཀློག་མཁན་ཞིག་གམ་རྩོམ་སྒྲིག་པ་ཞིག་གིས་བྲེལ་ཟིང་ཁྲོད་མྱོང་བྱང་དུ་བཀོད་པའི་ཚིག་རིས་ཙམ་དུ་བལྟས་ཆོག་ལ། དཔེ་ཀློག་གི་དུས་ཡུན་རིང་བའི་ཀློག་མཁན་ཞིག་གི་གཞུང་ལུགས་ཀྱི་སྒྲོམ་གཞི་བྲལ་བའི་ཉམས་མྱོང་ཙམ་དུའང་བསམས་ཆོག མཐར་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཤོག་ཅེས་སྨོན་པ་དང་བཅས་ཚེ་གྲུབ་ཏུ་འབོད་པས2024ལོའི་སྤྱི་ཟླ10པའི་ཚེས29ཉིན་བྲིས།

དཀར་ཆག

གླེང་གཞི།

ཕྱིར་དྲན་དང་བསམ་གཞིག་ཁྲོད་ཀྱི་རྟོགས་སད།

མྱོང་ཚོར་རིགས་ཤིག་གི་གསེད་འགྲོལ།

སྒྲུང་ཐུང«གངས»ལས་འཕྲོས་པའི་གཏམ།

སྒྲུང་གཏམ«ཉི་ནུབ་ཀྱི་སྔ་རོལ»ལ་དཔྱད་པ།

མི་དང“མི།”

གཏམ་རྒྱུད་ཀྱི་རིན་ཐང།

ཚོད་ལྟ་དང་དེའི་ཡང་སྙིང་།

དུས་ཚོད་དང་རླུང་།

སྒྲུང་ཐུང«ཁ་དམ»བཀླགས་པའི་མྱོང་བྱང་།

བོད་ཀྱི་སྙན་ངག་གསར་བའི་ཐད་ཀྱི་བསམ་གཞིག་ཕྲན་བུ།

ཁྲི་སེམས་དཔའི་སྙན་ངག་ལས་འཕྲོས་པའི་གཏམ།

སྙན་ངག་ཐད་ཀྱི་བསམ་གཞིག

རྩོམ་རིག་དཔྱད་བརྗོད་ལས་འཕྲོས་པའི་གཏམ།

མྱོང་ཚོར་ཞིག་གི་གསེད་འགྲོལ།

རྣམ་འགྱུར་དང་སྙིང་སྟོབས།

སློབ་འབྲིང་དུས་སྐབས་ཀྱི་རྩོམ་ཡིག་འབྲི་ཀློག་སྐོར་གླེང་བ།

སྣོད་བཅུད་རྟགས་མའི་འགྲན་རྩོམ་བཀླགས་པའི་འཆར་སྣང་།

བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱིས་བྱིས་པ་རྣམས་ལ་ཐེབས་པའི་བློ་སྐྱེད་སྐོར་གླེང་བ།

རྩོམ་རིག་དཔྱད་བརྗོད་གླེང་བ།

མཇུག་བྱང་།

རྩོམ་པ་པོ་ངོ་སྤྲོད།

ཚེ་གྲུབ། སྐྱེས་མིང་ཚེ་རིང་དོན་གྲུབ། 1993ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་དངོས་གཞི་མཐར་ཕྱིན། ད་རག་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号