དེབ་གསར«གསུང་རབ་བརྡ་འགྲེལ་ཚིག་མཛོད»པར་སྐྲུན་བྱས།

ཉེ་ཆར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ཀྱིས་སྔ་ཕྱིར་མི་ལོ་སུམ་ཅུར་ཉེ་བའི་རིང་ལ་བསྒྲིགས་པའི«གསུང་རབ་བརྡ་འགྲེལ་ཚིག་མཛོད»ཅེས་པ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

ཚིག་མཛོད་འདིར་མཚོན་ན་བསྡོམས་པས་ཐ་སྙད་ཉིས་ཁྲི་བཞི་བརྒྱ་ལྷག་དང་ཡིག་གྲངས་ཁྲི་སུམ་བརྒྱ་ཡས་མས་ཀྱི་བདག་ཉིད་ཅན་ཞིག་དང་། ཐ་སྙད་ཀྱི་ཡོང་ཁུངས་གཙོ་བོ་ནི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བོད་འགྱུར་སྐོར་དང་། བོད་རང་གི་མཁས་པས་མཛད་པའི་གསུང་འབུམ་རྣམས་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་དར་བའི་མི་རིགས་དང་ས་ཁུལ་གཞན་དག་ལས་ཀྱང་འབྲེལ་ཡོད་ཡིག་ཚང་གི་ཐ་སྙད་ཅི་ལྕོགས་ཀྱིས་བསྡུས་ཡོད་པ་ལས། མདོ་ཕྱོགས་ཀྱི་ཐ་སྙད་རྣམས་ནི། བསྡུས་གྲྭ་དང་། རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ། བློ་སྦྱོང་། གྲུབ་མཐའ། ལམ་རིམ་སོགས་གཞུང་དཀའ་པོད་ལྔར་གྲགས་པའི་གཞུང་དོན་ཕྱོགས་གཏོགས་དང་བཅས་པ་གཞིར་བཟུང་སྟེ་བསྡུས་ཡོད་པ་དང་། སྔགས་ཕྱོགས་ཀྱི་ཐ་སྙད་རྣམས་ནི། རྒྱུད་སྡེ་བཞིའི་བརྗོད་བྱ་ཐུན་གཅིག་ཏུ་སྟོན་པའི་སྔགས་ཀྱི་སྤྱི་དོན་དང་། སྔགས་རིམ་ཆེན་མོ། སྔགས་ཀྱི་ས་ལམ། རྒྱུད་སྡེ་སོ་སོའི་བསྐྱེད་རྫོགས་སོགས་གཞིར་བཟུང་ཡོད་པ་དང་། དེའི་སྟེང་ལ་སྔར་ཡོད་བརྡ་དག་དང་ཚིག་མཛོད་གལ་ཆེན་གང་བྱུང་རྣམས་གཞིར་བྱས་ཐོག སྔར་བཙན་པོའི་སྐབས་སུ་བསྡུ་སྒྲིག་བྱས་པའི་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་དང་། དཀར་ཆག་ལྡན་དཀར་མ་དང་དཀར་ཆག་འཕང་ཐང་མ་སོགས་ལས་ཚིག་མཛོད་འདིར་མཁོ་བའི་ཐ་སྙད་དག་བདམས་བསལ་བྱས་ཤིང་། དེ་དག་ལས་སྔར་ཚིག་འགྲེལ་ཡོད་པ་རྣམས་ལ་ཁ་གསབ་དང་ཡང་ན་གོ་བདེར་བཏང་བ་དང་། ཚིག་འགྲེལ་མེད་པ་རྣམས་ལ་གསར་དུ་འགྲེལ་བ་གནང་སྟེ་སྒྲིག་རྩོམ་བྱས་ཡོད་དོ། །

«གསུང་རབ་བརྡ་འགྲེལ་ཚིག་མཛོད»པར་དུ་བསྐྲུན་པ་འདིས་གཅིག་ནས་བོད་ཡིག་གསུང་རབ་བསྟན་བཅོས་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བཅས་ཀྱི་ཐད་དོན་སྙིང་ཆེན་པོ་ལྡན་ཞིང་། གཉིས་ནས་བོད་རིག་པའི་རིག་ཚན་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་ཀྱང་ཆེ་རུ་གཏོང་ཐུབ་པ་དང་། གསུམ་ནས་བོད་དང་མི་རིགས་གཞན་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་ཐུབ་པ་སོགས་ཀྱི་ཐད་དགེ་མཚན་ཆེན་པོ་ལྡན་ནོ། །

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།

ཆ་རིས་སྐལ་བཟང་ཐོགས་མེད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཆ་རིས་སྐལ་བཟང་ཐོགས་མེད་ལགས་ནི། སྤྱི་ལོ1963ལོར་མདོ་སྨད་ཀླུ་ཆུ་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཡ་གྱལ་ཆ་རིས་སྡེ་བར་སྐྱེས། སྤྱི་ལོ1979ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞུགས་ནས་དམའ་འབྲིང་དང་མཐོ་འབྲིང་། སློབ་ཆེན་གྱི་བསླབ་གཉེར་སོགས་ཡོངས་སུ་གྲུབ་པར་མ་ཟད། སློབ་ཆེན་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གའི་རབ་འབྱམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་དེ་ལོ་ངོ་གཉིས་ཙམ་གྱི་རིང་ལ་སློབ་གཉེར་གནང་། སྔ་ཕྱིར་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་དང་། རྗེ་འཇམ་དབྱངས་རྒྱ་མཚོ། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་སོགས་དགེ་རྒན་མང་པོ་བསྟེན་ནས་གཞུང་ཆེན་ཁག་ལ་འབད་འབུངས་གནང་བས་འབྲས་བུ་གཡུར་དུ་ཟ་བ་བླངས། དེ་ནས་ཐོག་མར་ཀན་སུའུ་ཞིང་ཆེན་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་དུ་ཕེབས་ཏེ་དཔེ་རྙིང་འཚོལ་སྒྲིག་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར། སྤྱི་ལོ2006ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་ལས་གནས་སྤར། སློབ་གྲྭ་དེར་ཁོང་གིས་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་སྡུད་སྒྲིག་དང་ཞིབ་འཇུག་གི་ལས་ཀ་གཙོ་བོར་གཉེར་ཞིང་། ཞོར་དུ་སུམ་རྟགས་དང་བསྡུས་གྲྭ། ལོ་རྒྱུས་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། གྲུབ་དོན་ས་གསུམ་སོགས་ཐུན་མིན་གཞུང་གི་སྐོར་བཅས་ཀྱི་དཔེ་ཁྲིད་གནང་སྟེ་སློབ་བུ་གང་མང་བསྐྱངས། སྔ་ཕྱིར་རིག་གཞུང་དཔྱད་རྩོམ་བརྒྱད་ཅུ་ལྷག«ཀྲུང་གོའི་བོད་རིག་པ»དང་། «བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་ཆེན་གྱི་རིག་དེབ»སོགས་སུ་སྤེལ་བར་མ་ཟད། སྔ་གཞུག་ཏུ«ཆོས་སྡེ་ཆེན་པོ་ཤིས་ཚང་དགོན་གསར་གྱི་གདན་རབས»དང་། «ཁྲི་ཆེན་རབ་བརྟན་རྒྱ་མཚོའི་རྣམ་ཐར» «རྒྱལ་བསྟན་ཡུལ་གྲུ་སོ་སོར་དར་ཚུལ» «བོད་ཀྱི་ལོ་རྒྱུས་དྲིས་ལན་བརྒྱ་པ» «གཞུང་པོད་ལྔའི་སྤྱི་བཤད» «འཇིག་རྟེན་ཁམས་ཀྱི་རྣམ་གཞག་མདོར་བསྡུས་སུ་བཀོད་པ» «བྱང་ཆུབ་ལམ་རིམ་ཆེན་མོའི་དཀའ་གནད་ཀྱི་དྲིས་ལན» «བོད་ཀྱི་རིག་གནས་ལས་འཕྲོས་པའི་གཏམ་བློ་གསལ་མགུལ་རྒྱན» «ཏུན་ཧོང་ནས་རྙེད་པའི་ནང་བསྟན་ཆོས་གཞུང་བོད་འགྱུར་མ་ཞིབ་འཇུག» «བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད» «གསུང་རབ་བཀླགས་པའི་མཆན་འགྲེལ་ཐོ་ཡིག་ཏུ་བཀོད་པ་སྐལ་བཟང་སྙིང་གི་ཁྱད་ནོར» «གངས་ལྗོངས་གཙུག་ལག་ལས་འཕྲོས་པའི་ཉེར་མཁོའི་བརྡ་དོན་རྣམ་འབྱེད» «བོད་བཙན་པོའི་ལོ་རྒྱུས་དང་འབྲེལ་བའི་མཐའ་དཔྱོད་གཅེས་བསྡུས» «ཤེས་རིག་སྨྲ་བའི་བསྡུས་དོན»སོགས་དཔེ་དེབ་ཉི་ཤུ་ལྷག་པར་སྐྲུན་བྱས། སྤྱི་ལོ2012ལོར«བོད་བརྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ»ཞེས་པར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞིའི་ཆོག་མཆན་ཐོབ་པ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལས་གཞི་དགུ་ལྷག་ལེགས་པར་གྲུབ། ད་ལྟ་ཁོང་གིས་རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་ཕྲེང་དང་། དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དེབ་ཕྲེང་སྡུད་སྒྲིག་མཁན་གཙོ་གྲས་ཀྱི་འགན་བཞེས་མུས་སུ་མཆིས་སོ། །

ནང་དོན་ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས་ལས་བརྒྱུད་འགོད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号