དེབ་གསར། འགྱན་སང་ལགས་ཀྱིས་བརྩམས་པའི«མི་ཆོས་སྤྱི་རྣམ།»

ཉེ་ཆར། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱི་མི་ལོ་དུ་མའི་དཀའ་སྤྱོད་རིག་པའི་འབྲས་བཟང་བྱེ་བྲག་པ་ཞིག་སྟེ«མི་ཆོས་སྤྱི་རྣམ»ཞེས་པའི་གཞུང་དཔྱད་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་འདུག

མི་ལོ་དུ་མའི་ལས་ཞོར་གྱི་ཁོམ་གླགས་ཆུད་གཟན་དུ་མ་བཏང་བར་འཆད་འཆད་མཐུད་མཐུད་ཀྱི་ངང་ལ་སྔ་རྗེས་འཕྲོ་སྐྱོང་གི་དཀའ་ལས་སྡུག་རུས་ཅུང་ཟད་བརྒྱབ་མཐར། མི་ཆོས་རིག་པའི་སྤྱི་དོན་དང་མི་ཆོས་ལྟ་བའི་བྱུང་རབས། མི་ཆོས་ལྟ་སྤྱོད་ཀྱི་དབྱེ་སྡུད། མི་ཆོས་བསམ་བློའི་རྣམ་གཞག །མི་ཆོས་མཚན་རིག་གི་སྒྲུབ་ངག་སྟེ་ཕྱོགས་ཆེན་པོ་ལྔ་ནས་ཁ་བ་རི་པའི་མི་ཆོས་ལྟ་སྤྱོད་ཀྱི་སྤྱི་ཁོག་ཙམ་ཞིག་ལས་དང་པོ་བ་རྣམས་ལ་མཛུབ་མོ་རི་སྟོན་གྱིས་ངོ་སྤྲོད་པའི་ཉེར་སྡོག་སྔོན་སོང་ལ་བརྟེན་ནས། ཡུལ་ལུང་འདིའི་མི་ཆོས་ལྟ་གྲུབ་གཞན་རིགས་ཚོའི་མི་ཆོས་ལྟ་གྲུབ་ལྟར་རིག་གནས་སྣ་མང་ཅན་ནམ་འཁོར་འདས་ཡོངས་ཁྱབ་ཅན་དུ་གནས་ཅུང་ཟད་གྱུར་ཏེ། སླད་མའི་འཚོ་བའི་ལམ་ག་ནས། གངས་ཀྱི་འཁོར་འདས་གཉི་ག་ཐུགས་དགོངས་པདྨའི་ནང་དབུས་སུ་ཉར་ཏེ། རིགས་ཀྱི་འཚོ་གཞེས་ལ་དཔྱོད་ཤེས་དང་རེ་བའི་འོད་སྣང་སྦར་དགོས་ལུགས་ཀྱི་རྟོག་པ་མགོ་མ་ཚོས་པ་འགའ་ཞིག་སྟེ། དམ་པའི་གསུང་རབ་ལ་ཀུན་རྟོག་གི་ལྷན་པོ་རྒྱག་པའི་ལས་ཀ་ཉི་ཚེ་བ་འདིའི་མཇུག་ད་ལྟ་ཡོངས་སུ་གྲུབ་སོང། 

གཅིག

གྲགས་པ་གཡུ་འབྲུག་སྔོན་མོ་ལ་འབབ་པ་རྟ་སུག་སྐམ་པོ་ལས་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་ལ་གོ་ལོ་དང་ཐོས་ལོ་མ་ཡིན་པའི་མྱོང་བ་ཟ་ཟི་ཙམ་ཞིག་ཤེས་རྒྱུད་དམན་པ་བདག་དང་བདག་འདྲའི་རྒྱུད་ལའང་སྐྱེ་ཆོག་པ་གནས་ལུགས་ཡིན་སྟབས། གང་ཕྱིར་ལས་འདི་རྩོམ་པའི་དམིགས་སྒོ་སྔར་འཁྱུད་ལྟར་སྙན་པའི་སྒྲ་སྒྲོག་གི་བདེ་བ་སོགས་དགོས་དབང་སྦུག་འདྲེན་གྱི་ཆེད་དུ་མ་ཡིན་ལ། སྟོད་ཀྱི"མགྲིན་བཟང"གིས་སྨད་ཀྱི"ཅང་ཤེས"རྣམས་ལ་མཚམས་ཚིགས་མེད་པར་ཕུལ་པའི་ཞུ་འཕྲིན"རྟ་སྦངས་མ"དེ་བས་ཀྱང་མ་ཡིན་པར། ཇི་སྐད་དུ་རྩོམ་པ་རིན་ཆེན་ངག་རིག་མཛེས་པའི་མགུལ་རྒྱན་དུ་བཞེས་མཁན་འཇིགས་མེད་གྲགས་པའི«རབ་བརྟན་ཀུན་བཟང་འཕགས་ཀྱི་རྣམ་ཐར»དུ། རིན་ཆེན་འཕྲེང་བས་རྣམ་བརྒྱན་པའི། །གཞུང་ཚིག་ཆུ་གཏེར་ཆེན་པོ་འདི། །མཁས་པ་རྣམས་ལ་དགོས་ཕྱིར་མིན། །བླུན་པོ་དག་ལ་ཅི་ཞིག་བྱ། །རང་འདྲ་བློ་གྲོས་བར་མ་དག །གསར་དུ་འཇུག་པ་བདེ་བའི་ཕྱིར། །མདོ་ཙམ་རང་གིས་བཀོད་པའོ། །གསུངས་པ་ལྟར་ཁོ་བོར་ལས་ཀྱིས་འབྲེལ་བའི་སློབ་བུ་ཤེས་བཀྲ་ཟོ་བཟང་འདུན་ལེགས་རྣམས་དང་། ཐུགས་ཀྱི་འོད་སྣང་རྟག་ཏུ་གངས་རིའི་འདུན་མ་གླེང་བའི་སྙིང་པོའི་མཛད་ཆེན་དུ་སྤྲོ་མཁན་རིག་གྲོགས་ནེའུ་ལྡང་རྣམས་ལ། གླེན་པའི་གདེང་ཚོད་དུ་མ་སོང་བའི་རིག་ཚན་འདི་ཕྱོགས་ཀྱི་རྟོག་པ་ཆལ་ཆོལ་འགའ་ཞིག་བགྲོ་གླེང་དྲི་སྡུར་གྱི་ས་བོན་ཙམ་དུ་འབུལ་ཁུལ་བྱས་པ་ཡིན་ལ། གཞན་ཡང་ཇི་སྐད་དུ་དཔལ་ཆོས་ཀྱི་གྲགས་པས། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་དང་། རྗེ་དགེ་འདུན་གྲུབ་ཀྱིས། བདག་ནི་གཡེང་མེད་གཅིག་པུར་གནས་ལ་དགའ། །སྙིགས་དུས་སྐྱེ་བོ་བསླབ་ལ་ཤིན་ཏུ་གཡེལ། །དེ་ཕྱིར་གཞན་ལ་ཕན་པར་དཀའ་ནའང་། །རང་གི་ཡིད་ལ་གོམས་ཕྱིར་ངས་འདི་བྱ། །གསུངས་པ་ལྟར་ཁོ་བོའི་དཔྱད་འབྲས་འདི་ལྟ་བུས། ལས་ཀྱིས་མ་འབྲེལ་བའི་ལུས་ཅན་རི་བྲག་པ་གཞན་ལ་ཕན་རེ་ཉིན་སྐར་གྱི་རྗེས་འགྲོ་ཡིན་པ་ཅི་ལ་མི་ཤེས་ཀྱང་། རང་ཉིད་ཀྱི་མི་ལོ་དུ་མའི་དཔེ་ཀློག་ལྟ་སྦྱོང་གི་མྱོང་བ་ཟ་ཟི་དང་རྟོགས་པ་ཕན་ཕུན་རྣམས་བརྗེད་ངས་ཀྱི་རྐུན་ལག་ཏུ་མི་འཇོག་པར་ཡིད་ཀྱི་ཟེའུ་འབྲུར་ཉར་བའི་དོན་གྱི་ངོ་བོར་བྱས་པའང་ཡིན་པས། རྟ་དབུ་བླ་ན་མཐོ་བའི་སྟོད་སྨད་ཀྱི"ཅང་ཤེས"མཁྱེན་ལྡན་རྣམས་ཐུགས་ལྷོད་ལྷོད་དང་སྐུ་དལ་དལ་དུ་བཞུགས་ཏེ་གང་དགྱེའི་རྩྭ་ཆུ་དྭངས་མ་ལ་དགྱེས་རོལ་གནང་རྒྱུ་ལས། ཀོ་ལོང་འཁུ་འཕྲིག་གི་འཕྲ་ཤགས་དོན་མེད་དུ་མི་གཡུག་པའི་སྐྱབས་འཇུག་ཀྱང་ཞོར་ལ་ཞུས་པ་ཡིན། དེར་མ་ཟད། རྐང་འོག་ནས་ས་འཆད་པ་མི་ཚོར་བར་མགོ་ཐོག་ནས་གནམ་རྡིབ་པ་གོ་བའི་སེམས་ཅན་མགྲིན་བཟང་རྣ་ཅན་གྱི་སྐྱེ་བར་ཐུགས་མོས་འཆོར་མཁན་རྣམ་པས་ཀྱང། བདག་སོགས་རིག་གནས་ལས་བྱེད་རྣམས་ཀྱིས་ཡུལ་འདི་དང་གླིང་འདིའི"དད་པ་དག་སྣང"གི་འབྱོར་ཆེན་ཆུད་ཟོས་སུ་གཏང་དོགས་ཀྱི་ཐུགས་ཁྲལ་དེ་རིགས་དགོས་མེད་ལྷག་འཁྱིལ་དུ་ཅམ་གྱིས་བཞག་ནས། "སྐྱེམས་མཆོག་བདུད་རྩི་སྨན"གྱི་ཕོར་ཁ་ནས་བློ་བདེ་གུ་ཡངས་ནང་གི་བདེ་ཉམས་དེ་མུ་མཐུད་ནས་ལོངས་སུ་སྤྱོད་ཀྱིན་ལྷོད་བཞུགས་གནང་རྒྱུའི་གཞེན་སྐུལ་ཡང་ཞོར་ལ་འདེབས་པ་ལགས་ཏེ། ལག་པ་སྲིང་འདོད་ཀྱི་ཕུ་དུང་ཐུང་བ་མ་གཏོགས། སྒོ་གསུམ་རྟག་ཏུ་མེས་པོའི་ཤེས་རིག་དབྱིག་གི་གན་མཛོད་སྲུང་ལ་དྲང་པོར་སྤྱོད་རྒྱུ་ངེད་ཅག་གིའང་གཡར་དམ་དང་པོ་ལགས་གཤིས། བྱ་ལོག་ནས་སྡོད་ས་དཔྲལ་བ་དང་མིག་ལ་ཐལ་བའི་བྱེད་པ་དེ་རིགས་རྨི་ལམ་དུའང་བརྩམས་མྱོང་མེད་ལ། དེ་སྐད་དུ། སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །གསུངས་པ་ལྟར། ལར་ལྷག་བསམ་དཀར་པོས་དཔྱད་འབྲས་སམ་བསླབ་དེབ་འགའ་རེ་གསར་དུ་བྱས་པས། རང་རང་གནས་སའི་རིག་གནས་སྲོལ་རྒྱུན་གྱི་འཕེལ་སྐྱེད་ལ་ཡར་འཐེན་གྱི་ལྕགས་ཀྱུ་བྱེད་ན་མ་གཏོགས་མར་འཐེན་གྱི་གཏིང་རྡོ་མི་བྱེད་པའི་གནས་ལུགས་དེ་ཙམ་ཞིག་ཁྱེད་ཅག་གིས་ཀྱང་མཁྱེན་ནུས་པའི་ཕྱིར་རོ། །

དེ་ལྟ་མོད་ཀྱི། ཇི་སྐད་དུ་སློབ་དཔོན་རྒྱལ་པོའི་སྲས་ཀྱིས།  དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། །ཅི་སྟེ་མིན་ན་གཞན་དུ་གྱིས། །གསུངས་པ་ལྟར་བློ་གྲོས་ཆུང་ཞིང་ཤེས་པ་རྣམ་པར་འཁྱམས་པ་བདག་ལྟ་བུས་གཞུང་གི་དཀའ་གནད་འདི་འདྲར་དཔྱོད་པ་སྔར་ལྟར་གླང་ཁལ་བེའུ་འཁུར་གྱི་དཔེ་དོན་གལ་ཏ་མགོ་སྦྲེལ་དུ་སོང་ཡོད་པ་སྨོས་ཅི་དགོས་ཀྱང་། མི་ཆོས་ལྟ་སྤྱོད་དང་པོ་ཉིད་ནས་ཡུལ་ལུང་འདིའི་སྲིད་འབྱོར་རིག་གསུམ་གྱི་འཕེལ་གུད་དང་། ཁྱད་པར་དུ་སློབ་གསོ་ལྟ་བའི་གནས་འགྱུར་ལ་རག་ཆེས་ཆེར་ལས་ཡོད་གཤིས།  ཅི་ནས་ཀྱང་བརྗོད་དགོས་ངེས་ཀྱི་རིགས་སུ་འདུག་གོ་སྙམ་ནས་འགྲིག་མིན་ལེགས་ཉེས་ལ་མ་ལྟོས་པར་ཡིད་ལ་གང་ཤར་སྤྱི་རྟོལ་བསྐྱེད་དེ་མང་པོའི་དཀྱིལ་དུ་ཤར་མར་སྨྲས་པ་ཡིན་པས།  གང་སྨྲས་པའི་གཏམ་རྣམས་ཚུལ་གསུམ་དཔྱད་སྟོབས་ཀྱིས་མ་འདང་བར་བླུན་པོ་ཤེས་འཆལ་གྱི་རྟགས་དང་མཚན་མའི་འདུ་གནས་སུ་གྱུར་འདུག་པའང་མང་དུ་ཡོད་པ་གོར་མ་ཆག་ན། གཟུར་གནས་རིགས་པའི་སྤྱན་ལྡན་རྣམས་ཀྱིས་གཙོ་ཕལ་ཕྱེད་ཅིང་འབྱུང་འགྱུར་མཐོང་བའི་ཐུགས་རྒྱ་མཁའ་ལྟར་བསྐྱེད་དེ། རྣམ་དཔྱོད་རིགས་པའི་རྩལ་ལས་བལྟམས་པའི་དགག་གཞག་སྤང་གསུམ་གྱི་འོད་རྣོན་རིགས་པ་སྨྲ་བའི་སྤྱི་སྲོལ་དང་མཐུན་པར་སྤྲོས་དང་། ཕྲན་ཆུང་ཕྱུག་པོ་ཐོས་པའི་ནོར་ཅན་ཞིག་གདོད་ནས་མིན་ཡང་ཐོས་མེད་དབུལ་པོ་རང་རྒྱུས་རང་ལ་ཡོད་མཁན་ཞིག་སྟེ། རང་གིས་ཅི་ཡང་མི་ཤེས་པ་རང་གིས་ཤེས་མཁན་གྱི་ཀླད་ཡོད་ཅིག་ཡིན་སྣང་འདུག་པས། ཁྱེད་རྣམ་པའི་འཁྲུལ་མེད་མཛུབ་བཙུགས་ཀྱི་བཀའ་སློབ་ལ་ཅི་ནས་ཀྱང་གཙི་འཇོག་དང་ལེན་ཞུ་ངེས་ཡིན་ནོ། །དེ་ལྟ་མོད་ཀྱི། ཕྱི་ནང་རིག་གནས་མཁས་པར་མི་སྦྱོང་བར་ཕྲག་དོག་འཁུ་འཕྲིག་དང་ཕྱོགས་རིས་སྙེན་སྲིང་ལ་ཐུགས་ཉེ་བར་སོང་ནས། དུས་རྟག་ཏུ་མི་ལ་བརྡ་དོན་གོ་ལོག་གི་ཚིག་མཚོན་ཅི་དགར་འདེབས་མཁན་རྣམས་ལ། ཇི་སྐད་དུ་རྗེ་བདག་ཉིད་ཆེན་པོས། བློ་གྲོས་རྩོལ་བའི་གྲོགས་ཀྱིས་དོར་བ་དང་། །རྩོལ་ལྡན་བློ་གྲོས་ནོར་གྱིས་དབུལ་བ་དང་། །རང་གཞན་གྲུབ་མཐའི་རྒྱ་མཚོ་མ་མཐོང་བའི། །མཁས་རློམ་དེ་ཡིས་སྨོད་ན་སྔངས་ཤུགས་ཙམ། །ཞེས་པ་འདི་ལས་ཞུ་རྒྱུ་གཞན་མེད་དོ། །

གཉིས།

ལར་རང་ཉིད་ཀྱིས་འཇོན་མིན་ལ་མི་ལྟ་བར་མིའི་བྱས་པ་ལ་ངན་སྨོད་ཀྱི་རྐན་སྒྲ་གཏོག་ཅིང་ཁྱད་གསོད་ཀྱི་སྒྲེག་པ་འདོན་པ་ཡུལ་ལུང་འདིའི་དཔེ་ཆ་བ་ཁ་ཅིག་གི་གཉུག་གཤིས་སུ་གྲུབ་ཡོད་ཁར། ཁ་སང་དེ་རིང་ཡིན་ཀྱང་། རྙིང་ཁུངས་ཞེན་འཛིན་དང་ཕྱོགས་ཞེན་རིས་གཅོད་ཀྱི་ཐལ་རླུང་དུད་སྤྲིན་སྒང་གཞོང་འདིའི་མཁའ་མཐར་དཀྲིགས་ནས། དཔྱོད་ཤེས་ཉི་མའི་ཟེར་བརྒྱ་གངས་རིའི་ཕྱི་རོལ་ཏུ་འགོག་ལ་སྙིང་ཁམ་ད་དུང་ཆེ་འདུག་ལུགས་ལ་བལྟས་ན། ཕྲན་གྱི་བྱས་པ་ཕྲན་ཚེགས་འདི་དང་འདི་ལྟ་བུ་དག་ལ་མང་མང་གིས་དགའ་མོས་སྤྲོ་གསུམ་དང་རྗེས་སུ་ཡི་རངས་བྱ་རྒྱུའི་རེ་བ་དང་འདུན་པ་གཉི་ག་བདག་ལ་མེད་པར་མ་ཟད། བརྒྱ་ལོ་གོང་མའི་ལོ་རབས༣༠པར། ལྷ་ས་དག་པའི་ཞིང་ལ། །མ་དག་དབྱིན་ཇིའི་སློབ་གྲྭ། །ཞེས་པའི་བུམ་ནང་མགོ་འཁོར་གྱི་ལྟ་བའི་རླུང་ཡན་ཞིག་ལྡང་མྱོང་བ་དེ་རིགས། ཁ་སང་དེ་རིང་ཡིན་ཀྱང་མ་ཤི་གསོན་སྟབས་སུ་བཞེངས་ནས་ཡུལ་ལུང་འདིའི་སློབ་གསོའི་ཕྱི་ནང་བར་གསུམ་ན་གེགས་མེད་བག་ཡངས་སུ་རྒྱུ་བཞིན་པ་ལོ་འདི་འགར་ཁོ་བོ་ཅག་གི་སྟེང་དུ་མཐོང་བ་མངོན་གྱུར་དུ་བྱུང་མྱོང་ཚུལ་ལ་བསམས་ནའང་། དུས་སུ་མ་བབ་པ་ཡི་གཏམ། །གང་སྨྲ་དེ་ལ་ཀུན་གྱིས་བརྙས། །གསུངས་པ་ལྟར་ཡུལ་ལུང་གཞན་དུ་ཡོན་ཏན་པའི་སྡེ་ནས་གནག་རྫི་མོའི་བར་དུ་བསྒྲགས་ཤིང་གྲགས་ནས་དོན་རྙིང་བྱ་རྙིང་དུ་གྱུར་ཚར་པ་དེ་རིགས། ཁ་བའི་ཡུལ་ལུང་འདིར་ད་དུང་དུས་སུ་མ་བབས་པའི་གཏམ་གསར་འཕྲིན་གསར་དུ་ལུས་ཡོད་པ་སྙོན་མེད་ཡིན་གཤིས། "གསར་བཤད་ཕྲ་མེན་མ་ཡི་སོ་ནམ"དུ་གྱུར་པའི་དོན་མེད་ཀྱི་སྐད་ཆ་འཛད་མེད་དུ་སྨྲ་མཁན་དག་གི་སྟེང་ལ། གནས་ལུགས་མེད་པར་མཐའ་མེད་ཀྱི་ཚིག་མཚོན་ཚོད་མེད་དུ་འདེབས་པའང་སྤྱིར་བཏང་གི་གནས་ལུགས་ཡིན་པས། དེ་དག་ལ་མིག་བཙུམས་ནས་དཀྱེལ་ཡངས་དང་སྙིང་རྗེ་སྒོམ་མི་ཐུབ་དོན་ཅི་ཞིག་ཡོད་ཨང་།

སྤྱིར་བཤད་ན། དེང་རབས་སློབ་གསོའི་དམིགས་བྱ་ནི་འདྲ་མཉམ་དང་དྲང་བདེན། རང་དབང་། དཀྱེལ་ཡངས། རིས་མེད། ཤེས་རབ་སོགས་ཀུན་སྤྱོད་ཀྱི་བྱང་ཚད་དང་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་གཉིས་ཟུང་དུ་འབྲེལ་བའི་མི་གཤིས་ཀྱི་རྩ་བ་དང་གོང་ཐང་འཁྱེར་སོ་སྐྱེད་བསྲིངས་ནས། ལྟོས་བཅས་ཀྱིས་མཐོ་མཐར་གྱུར་པའི་ཀུན་སྤྱོད་ཀྱི་བྱང་ཚད་ལ་ཁ་འདྲིས་ལག་འདྲིས་ཡོང་དུ་འཇུག་རྒྱུ་དེ་རེད་མོད། ཇི་སྐད་དུ་རྗེ་མི་ལ་རས་པས། "ངས་ཆོས་ཐམས་ཅད་ཉོན་མོངས་པའི་གཉེན་པོར་བསླབས་ཤིང་ཤེས་པ་ཡིན་ཏེ། ཁྱེད་རྣམས་ཀྱིས་ཆོས་བསླབས་ཚད་ཉོན་མོངས་པའི་གྲོགས་སུ་བསླབས་ཤིང་ཤེས་འདུག"[མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༡ལོར་བཏོན་པའི་གཙང་སྨྱོན་གྱི«མི་ལའི་རྣམ་མགུར»གྱི་ཤོག་ངོས༥༤༠པ་ལས་དྲངས།]གསུངས་པ་ལྟར་ཡུལ་ལུང་འདིའི་སློབ་གསོའི་ལས་མཛད་ཁ་ཅིག་གིས། མཚན་ཉིད་དང་གྲངས་འདྲེན་གྱིས་མཚོན་པའི་སྲོལ་རྒྱུན་གྱི་རྒྱུན་ཤེས་ཙམ་པོ་བ་རེ་བསླབས་ཤིང་ཤེས་པ་ཐམས་ཅད་གཡོ་རྫུ་ཟོག་ཟོལ་དང་ཕྲག་དོག་འཁོན་སྡང་། ང་རྒྱལ་རང་སྣང་གི་གྲོགས་སུ་བསླབས་ཤིང་ཤེས་འདུག་པའི་སྟོབས་ཀྱིས། སྨན་ལོག་ནད་དུ་སོང་ཞིང་ཆོས་ལོག་སྡིག་ཏུ་སོང་ནས་དེང་རབས་སློབ་གསོའི་མི་གཤིས་གསོ་སྐྱོང་གི་དམིགས་ཡུལ་རྐང་འོག་ཏུ་བརྫིས་ཏེ། ཕྱག་ལས་ཀྱི་ཐོག་མཐའ་བར་གསུམ་དུ་སློབ་མའི་རྒྱུད་ལ་དགོས་རྒྱུའི་འདྲ་བདེན་དྲང་གསུམ་དང་དཀྱེལ་ཡངས་རིས་མེད་ཀྱི་ལྟ་བའི་བདུད་རྩི་ཆུ་ཐིགས་ཙམ་ཡང་མི་ལྡུག་པར། མི་དགོས་རྒྱུའི་ཕྱོགས་འཛིན་རྨོངས་ཞེན་དང་ཉེ་རིང་ཆགས་སྡང་། ཕྲག་དོག་འཁོན་སེམས་ཀྱི་དུག་ཆུ་རྒྱགས་ཚད་ཅིག་བླུགས་ནས་སློབ་མའི་ཤེས་རྒྱུད་མཁྲེགས་པོ་ཀོ་གྱོང་དུ་གཏོང་བར་མ་ཟད། འདྲ་བདེན་དྲང་གསུམ་གྱི་མི་གཞི་དང་མི་གཤིས་ཀྱི་འབྱོར་བ་གཙང་མ་དེའང་ངན་པ་ཁོག་བཅུག་གིས་བཅོམ་ནས་ཞད་ཅན་ཡོན་པོར་བཏང་རྗེས། གངས་ཀྱི་ཕྱི་ནང་བར་གསུམ་དུ་མངགས་རྫོང་བྱ་བའི་ཕྱག་ལས་རྩོམ་ལ་གོམས་ཆ་ཆེ་བ་མིག་མཐོང་གཟུགས་གྲུབ་ཡིན་པ་དེ་རེད།

ཕྱི་ནང་གི་མི་གཤིས་སློབ་གསོའི་ལུགས་སྲོལ་ལས་རིང་དུ་འདས་པའི་སྣང་ཚུལ་དེ་རིགས་ཀྱིས། གངས་ཀྱི་འཁོར་བའི་གནས་རིས་འདི་རུ་མཐུན་གནས་ཆིག་དྲིལ་དང་འདྲ་མཉམ་རིས་མེད། ལེགས་སློབ་ཉེས་གསུབ་ཀྱི་མི་ཆོས་རྣམ་སྲོལ་ལེགས་པར་ཆགས་ནས། སྒང་གཞོང་འདིའང་ཡུལ་ལུང་གཞན་ལྟར་ཤེས་སྤྱོད་ཀྱི་སྤྱི་ཚོགས་འཕེལ་རིམ་དུ་སླེབ་ལ་གེགས་ཆ་ཅི་རིགས་བཟོ་བཞིན་ཡོད་པ་སྒྲོ་སྐུར་ག་ལ་ཡིན། དེ་སྐད་དུ་རྗེ་མི་ལ་རས་པས། ཁ་ངོམས་ལྟོ་སྐྱིད་ཀྱི་ཆོས་པ་རྣམས། །རྐྱེན་ངན་པ་བྱུང་དུས་ཐ་མལ་བ། །དེ་རང་རྒྱུད་ངན་པས་རང་སྡུག་གཤོམ། །གསུངས་པ་ལྟར་ཡུལ་ལུང་འདིའི་ལུས་ཅན་རི་བྲག་པ་རྣམས་ཀྱིས་དྲང་བདེན་གྱི་ནོམ་པ་རྩ་ཆེན་གང་དེ། ཡང་མིན་ན་བརྗེད་ངས་ཀྱི་རྐུན་ལག་ཏུ་ཕུལ་ཡོད་ལ། དེ་མིན་ན་འབྲེལ་བའི་རྐང་འོག་ཏུ་བཞག་ཡོད་སྟབས། དགེ་སློབ་བར་རམ་རྒན་གཞོན་བར་ལ་ནམ་རྒྱུན་སྒུར་སྒུར་ཞུམ་ཞུམ་གྱིས་གུས་ཞབས་གཙི་འཇོག་བྱེད་ལུགས་ཤིག་ཡོད་པ་དེའང་། དོན་ལ་སྙིང་པོས་དབེན་པ་ཁ་ཞུ་གཏིང་འཁྱགས་དང་མི་སྔོན་གྱི་ཇོ་བཟང་རང་དུ་སོང་ཡོད་གཤིས། གནད་ཀྱི་སྐབས་སུ་དགེ་རྒན་ལའང་དྲང་བདེན་བོར་ནས་ཅི་མི་སྙམ་པར་སྒྲོ་སྐུར་མཚན་སྨད་འཛེམ་མེད་དུ་ཞུས་ཏེ་རང་བདེ་དོན་དུ་གཉེར་མཁན་བོད་པའི་སློབ་མ་ཕོ་མོ་ན་ནིང་དོ་ཚིགས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ན་མཐོང་ཞིང་ཐོས་སུ་ཡོད་པ་དེ་རེད་ན། སློབ་ཆེན་གྱི་སྐུ་ཞབས་རྒན་ཞུགས་རྣམ་པས་ཀྱང་ཤེས་པ་ཆུང་བའི་ནང་རྟགས་ས་ལ་གཡུགས་ནས། ཡུལ་ལུང་འདིའི་རྗེས་རབས་པ་རྣམས་དཀྱེལ་ཆེ་དྲང་བརྟན་ཚངས་ཐིག་གི་བྱེད་པ་ལ་འཁོས་སྟོབས་ལྡན་ཞིང་། རིགས་ཀྱི་སྤྱི་དོན་ལ་འཁོས་འཕེར་ནུས་ཁེལ་ཡོང་བའི་མི་བུར་སྐྱེད་བསྲིང་ལ་ཆེ་ཐང་དུ་འབད་དགོས་སྙམ་མོ། །

བརྟགས་ཤིང་དཔྱད་ན། ཉེས་པ་དེ་རིགས་ཀྱི་རྩ་བ་སློབ་གསོའི་ལས་མཛད་ཁ་ཅིག་གིས། འདྲ་བདེན་དྲང་གསུམ་གྱི་མི་ཆོས་ལྟ་སྤྱོད་དོན་དམ་པར་མི་རིགས་སློབ་གསོའི་གཞུང་ཤིང་ཡིན་ཞིང་། ཤེས་རབ་དང་དྲང་བདེན་ཟུང་དུ་འབྲེལ་བའི་མི་གཤིས་སློབ་གསོ་ཡང་དག་དོན་ལ་སློབ་མའི་རིག་སྟོབས་དང་དྲང་བདེན་གྱི་ས་བོན་བག་ཆགས་དང་བཅས་པ་གཟུགས་ཅན་དུ་བཏང་ནས་སྤྱི་ཚོགས་འཕེལ་སྐྱེད་ལ་སྟོབས་དང་ནུས་པའི་བདག་རྐྱེན་སྩོལ་བྱེད་ཡིན་ལུགས་དཔྱོད་ཤེས་ཀྱི་མིག་གིས་མཐོང་མ་ཐུབ་པའི་གནད་དེ་ལ་ཐུག་ཡོད་པར་ཁོ་བོས་འདོད་དོ། །དེའི་དབང་གིས། སྤྱི་ཚོགས་སུ་བཏགས་པའི་འཁོར་བ་རིགས་ཀྱི་འཚོ་གནས་ཀྱི་རྩ་བ་ཡིན་ཞིང་། ཤེས་རིག་ཡོད་དགུ་འཚོ་གནས་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་ལུགས་ཡིད་ཀྱི་དགུ་ལའང་མི་འཁོར་བ་གཞིར་བྱས།  དེང་རབས་མི་གཤིས་སློབ་གསོའི་དམིགས་སྒོ་དང་འདུན་མ། ཐབས་རྩལ་སོགས་དགོས་མེད་བར་ཟོམ་དུ་བཞག་ནས་འདོད་དབང་ཤེད་འཁྱེར་བྱེད་མཁན་གྱི་དགེ་མིང་འཛིན་པ་གངས་རིའི་ལྗོངས་ན་རྒྱ་ཁྱབ་ཏུ་བཞུགས་ཡོད་ཚོད་རེད་ལ། སློབ་གསོའི་ཐོག་མཐའ་བར་གསུམ་དུ་གལ་ཆུང་ཀུན་སྤྱོད་སློབ་གསོ་ལ་སོང་ནས་གཞོན་རབས་པའི་མི་གཤིས་དང་མི་གཞིའི་རྩ་རྐང་རྨང་ནས་གཅོག་པའི"སྐྱ་བ་འཛིན་པ"འང་ཡུལ་ལུང་འདི་ན་མང་དུ་བཞུགས་འདུག་ལུགས་ཀུན་ལ་ཆ་ཡོད་རྒྱུས་ཡོད་ཡིན་པ་དེ་ལགས་ན། གཞོན་སྐྱེས་རྣམས་ཀྱིས་གཏམ་དང་མི་ཁའི་དཀའ་ལས་ལ་མི་འཛེམ་ཞིང་། རྒན་ཞུགས་རྣམས་ཀྱིས་རྐང་མཐིལ་གྱི་རྡེའུ་དཔྲལ་བར་འཕར་སྙམ་གྱི་དོགས་པ་ས་ལ་གཡུགས་ནས་འདི་ཕྱོགས་ཀྱི་དཔྱད་གཏམ་མང་དུ་སྤེལ་ཏེ། ཡུལ་ལུང་འདིའི་མི་ཆོས་ལྟ་སྤྱོད་དང་སློབ་གསོའི་ལྟ་གྲུབ་ལ་ཡུལ་དང་མཐུན་པའི་འཁོར་འདས་ཡོངས་ཁྱབ་ཀྱི་གནས་འགྱུར་དོན་ལྡན་འབྱུང་བར་མཛུབ་མོ་ལྔ་བཅངས་བྱ་དགོས་སྙམ་མོ། །

གསུམ།

ད་ལྟ་ལས་ཀ་འདི་ཡོངས་སུ་གྲུབ་ནས་ཀློག་པ་པོ་གཟིགས་གསལ་བློ་མཆོག་རྣམས་ལ་སྤྱན་གཟིགས་སུ་དབུལ་བའི་སྐལ་བ་ངང་གིས་ཤར་སོང། ཡ་ཆུང་ཁོག་པའི་ནང་དུ་ཆུ་འབུར་ཆུས་མི་གནོན་པའི་ཚུལ་གྱིས་སྐྱེ་འོང་བ་ནི། ཡུན་རིང་སྙིང་ལ་བརྣགས་པའི་སྔར་མེད་ཀྱི་ལས་འཆར་ཡང་ཅིག་དོན་སྨིན་ལེགས་སོན་བྱུང་སྙམ་གྱི་ཕལ་པའི་དགའ་བ་ལས་གཞན། སྔོན་ལྟར་དེབ་འདི་བདེ་བླག་ཏུ་རྟོགས་ནུས་མཁན་གྱི་ཀློག་པ་པོ་ཅི་ཙམ་ཞིག་ཡོད་མེད་ཀྱི་སེམས་ལས་ཏེ། ཁར་བཅུག་ཀྱང་རོ་མི་ཚོར། ལག་ཏུ་བླངས་ཀྱང་ངོ་མི་ཤེས་ཟེར་མཁན་མང་དུ་བྱུང་ན་ཇི་ལྟར་བཤད་ཀྱང་ཕུགས་དོན་མ་གྲུབ་པ་ཡིན་པའི་ཕྱིར་རོ། ། «སེམས་རིག་སྤྱི་རྣམ»དང་བསྡུར་ན། ད་ཐེངས་བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་རིག་ཚན་ནམ་ཆེད་ལས་ཁོ་ནའི་དགོས་དབང་ལ་མ་དམིགས་པར་ཆེད་དུ་བྱ་བའི་ཀློག་མཁན་ཐུན་མོང་ལ་གོ་བ་སྟེར་ཕུལ་ཆེ་ཐབས་སུ་དམིགས་ནས། བརྡ་དང་ཐ་སྙད་ཡིན་ཀྱང་སྲོལ་རྒྱུན་གྱི་བསྟན་བཅོས་རང་སྐད་དུ་མ་བཞག་པར་གང་ལ་དེ་འགབ་ཀྱིས་འཇིག་རྟེན་གྲགས་ཚོད་དང་སྟུན་ཐབས་བྱས་ཡོད་ནའང། ཇི་སྐད་དུ་ས་པཎ་གྱིས། བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། །འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པའང་ཡོད། །གསུངས་པ་ལྟར་མཚམས་ལན་རེར། བཀླག་བྱ་གང་དེའི་རྟོགས་དཀའ་སླ་དང་གོ་བདེ་མིན་གྱི་ཁྱད་པར་བརྩམས་ཆོས་ཁོ་ནའི་སྟེང་ནའང་མེད་པར་ཀློག་མཁན་གྱི་ཁམས་དང་མོས་པ། ཀུན་སློང་དང་རྣམ་འགྱུར། མཐོང་ཐོས་དང་རྟོགས་པ། རིག་ཚན་དང་ཆེད་ལས་སོགས་ལའང་ཉེ་བར་འབྲེལ་ཡོད་ལུགས་མི་ལོ་བཅའ་བཅུའི་རིང་གི་དཔེ་འཁྲིད་ཀྱི་མྱོང་བས་དངོས་ར་སྤྲད་པ་ལྟར་ཡིན་གཤིས། འདིའི་གོ་དཀའ་སླ་ཡང་དེ་བཞིན་དུ་མ་ངེས་སོ་སྙམ།

ན་ནིང་དོ་ཚིགས། བོད་རིག་པ་དང་ཡིག་ཚང་རིག་པ་སོགས་སུ་བསྙད་པའི་ཡུལ་ལུང་འདིའི་རིག་གཞུང་དཔྱོད་འཇུག་གི་བྱེད་པ་རྒྱུན་སྲོལ་ལས་འདས་ནས་མཐའ་གཉིས་སུ་རྣམ་པར་འཕྱན་བཞིན་པ་དེའང། གཞོན་རབས་པ་རྣམས་ཀྱིས་དཔྱད་ཡུལ་དུ་གྱུར་པའི་རིག་སྒོ་ཁག་ཅིག་ཚེགས་མེད་སླ་ཆོས་སུ་གོ་བར་མི་འགྱུར་བའི་རྒྱུ་ཞིག་ཏུ་གྱུར་ཡོད་པར་སྣང་སྟེ། དེ་ལ་མཐའ་གཅིག་ནི་རིག་གསར་ལྟ་གསར་གྱི་གཟུགས་དྲི་རོ་རེག་ལ་ཡི་ག་གཏིང་ནས་ལོག་ཁར། རིག་སྒོ་གསར་པའི་བརྟག་ཐབས་དང་དཔྱོད་ཐབས་ལ་ཐུགས་མོས་ཏིལ་ཙམ་ཡང་འཁྲུང་མ་ཐུབ་པས། དཔྱོད་འཇུག་གི་ཐོག་མཐའ་བར་གསུམ་དུ་སྔ་རབས་མཁས་པའི་གཏམ་རྒུམ་འོལ་ཚོད་ཀྱིས་བསྒྲུགས་ནས་བདག་གི་ལེགས་ཚོགས་སུ་སྒོམ་པ་དེ་རེད་ལ། མཐའ་གཅིག་ནི་ཚེགས་མེད་སླ་ཆོས་སུ་རྟོགས་མི་ནུས་པ་རྒྱུ་མཚན་དུ་བྱས་ནས་རང་ལུགས་ཟབ་མོའི་དགོངས་མཐིལ་དགོས་མེད་ལྷག་འཁྱིལ་དུ་ཧྲིལ་འཇོག་བྱེད་པར་མ་ཟད། གཞན་ལུགས་ཟབ་མོའི་དགོངས་གནད་ཀྱང་བེད་མེད་བཏང་སྙོམས་སུ་འཇོག་པ་སྲོལ་ལ་གྲུབ་པས། རང་ལུགས་ཀྱི་ཆོས་སྐད་མི་ཐོན་ཞིང་གཞན་ལུགས་ཀྱི་མི་སྐད་མི་ཤོད་པར་གྲོང་གི་གནག་རྫི་མོས་ཀྱང་རྟོགས་ངེས་ཀྱི་མནོག་ཆུང་རྒྱུན་ཤེས་དག་ལ་ཡིད་ཤོར་བའམ། དོན་ལ་མི་རྟོན་ཚིག་ལ་རྟོན་ཞིང་རྩ་བ་བོར་ནས་ཡལ་གར་འཇུ་བའི་དཔེ་སྟེ། བརྡ་དང་ཐ་སྙད། པར་དང་ཡིག་གྲངས་སོགས་ཕྱིའི་རྣམ་པ་ཙམ་ལ་འཛིན་འཁྲིས་བྱས་ནས་དཔྱོད་འཇུག་གི་འཁྲི་ལས་རྫོགས་ཐབས་བྱེད་ཅིང། རིག་ཚན་དཔྱོད་འཇུག་ལ་གསར་རྟོགས་གསར་རྙེད་ཀྱི་བླང་བྱ་འདོན་པ་ལུང་ཀྱོག་ག་ལ་བའི་སྐྱེ་བོ་ཤེས་མེད་ཁ་ཅིག་གི་ཨ་གསར་གསར་པ་ཡིན་ལུགས་སོགས་ལྷ་བུ་དགའ་རབ་མྱོས་འགྱུར་གྱི་སྨྲ་བའི་འབབ་སྟེགས་ཅི་དགར་བསྐྱོད་ནས། རིག་གཞུང་དཔྱོད་འཇུག་གི་མ་མཐའི་བླང་བྱ་དང་ཆོས་ཉིད་རྡོག་རོལ་ཏུ་གཏོང་ཞིང་། སློབ་གྲོགས་ཤེས་བཀྲ་ཟོ་བཟང་འདུན་ལེགས་མང་པོའི་སྙིང་སྟོབས་ཀྱི་ཚ་དབལ་རྨང་ནས་འཇོམས་པ་དེའོ། །མཐའ་དེ་གཉིས་ཀར་མཚོན་ན། གསར་པས་རྙིང་པ་མི་གོ་ཞིང་རྙིང་པས་གསར་པ་མི་རྟོགས་པར་གསར་རྙིང་ཚ་གྲང་ཁ་འཐབ་ཏུ་འགྲོ་བ་གནས་ལུགས་ཡིན་པས། ཡུལ་དུས་འདི་འདྲ་ནས"མི་སེར་གྱི་རྒྱུན་ཤེས"ལས་ཅུང་ཟད་བརྒལ་པའི་དཔྱད་འབྲས་རྣལ་མ་རྣམས་བདེ་བླག་ཏུ་གོ་བར་མི་འགྱུར་བ་ལ་ཡ་མཚན་ཅི་ཡང་མེད་དོ། །

སྲོང་པོར་སྨྲས་ན། དེ་ལྟ་བུའི་བསླབ་པ་དོན་དུ་གཉེར་སྲོལ་དག་གིས། སྤྱི་པའི་རིག་གནས་སྲོལ་རྒྱུན་གྱི་འཛིན་སྲུང་སྤེལ་བའི་བྱ་གཞག་ལ་རྔོ་ཐོགས་སྐབས་མེད་པར་མ་ཟད། སྒེར་པའི་དཔེ་ཀློག་ལྟ་སྦྱོང་དོན་ལྡན་དུ་གཏང་ལའང་སྨན་སྐབས་ཡོད་པར་མ་མཐོང་བས། འདུན་ལེགས་དཔྱོད་ལྡན་གྱི་རྗེས་འཇུག་བུ་སློབ་རྣམ་པས། ཁྲལ་མངོན་སླ་བཅོས་དང་ཆེ་འདོད་གྲག་འདོད། ཁེ་འདོད་བཟང་འདོད་ཀྱི་སྲེད་པས་ཁ་དྲངས་པའི་སློབ་གཉེར་གྱི་ངན་གོམས་ཅི་རིགས་སྣ་འཕྱིས་ཀྱི་ཤོག་བུ་ལྟར་འདོར་རྒྱུ་གཞིར་བྱས། མི་ཚེ་མནོག་ཆུང་རྒྱུན་ཤེས་ལ་སྐྱེལ་བའི་བྱེད་པ་རྩྭ་ལྟར་དོར་ནས། ཉོན་མོངས་ཤེས་རབ་མིག་གིས་རྣམ་པར་འཇོམས། །གསུངས་པ་ལྟར་ཆོས་རབ་རྣམ་འབྱེད་ལ་ཕན་རླབས་ཆེ་བའི་གཞུང་དག་ལ་རིག་སྒོ་གཞན་བས་ཀྱང་གུས་སྦྱོར་གྱི་བརྩོན་འགྲུས་མཐར་ཆགས་སུ་བསྐྱེད་དགོས་ཏེ། དབྱིན་ཇི་བ་ནེའུ་ཐོན"དེང་རབས་ཚན་རིག་གི་ཡབ་ཆེན"དུ་བཀུར་དོན། མི་ཤུགས་རྟ་ཤུགས་སྐོར་གྱི་གོ་སླའི་རྒྱུན་ཤེས་འགའ་རེ་མི་སེར་ལ་ཁ་བརྡ་གོ་བཤད་བྱས་རྐྱེན་གྱིས་མ་ཡིན་པར་རྟོགས་དཀའི་དངོས་པོ་འགུལ་སྤྱོད་ཀྱི་གབ་པ་ཚུལ་གསུམ་གཏན་ཚིགས་ཀྱིས་མངོན་དུ་ཕྱུང་རྐྱེན་གྱིས་རེད་ལ། ཨ་རི་བ་ཨེན་སི་ཏེན"ཚན་རིག་གི་མི་བོ་ཆེར"རྩི་དོན། དངོས་པོའི་རྒྱུན་ཤེས་མིག་འདྲིས་རྣར་འཇགས་ཁ་ཤས་མི་སེར་ལ་ངོ་སྤྲོད་མཚམས་སྦྱོར་བྱས་རྐྱེན་གྱིས་མ་ཡིན་པར་རྟོགས་དཀའི་ཕྲ་རྡུལ་གྱི་གསང་རྒྱ་ཆོས་རབ་རྣམ་འབྱེད་ཀྱི་བློ་དཔྱོད་ཆེན་པོས་ལེགས་པར་བཀྲོལ་ཕྱིར་གྱིས་སོ། །འཇར་མན་པ་ཞོ་ཕེན་ཧཱ་ཝུར"འགྲོ་མིའི་བྱུང་རབས་ཁྲོད་ཀྱི་བརྟན་སྐར"དུ་བསྔགས་དོན། རྒྱུན་ཤེས་སུ་གྱུར་པའི་མཚན་རིག་གི་མཚན་མཚོན་གཞི་གསུམ་ཙམ་ཞིག་ངག་ཐོག་ནས་སྐྱོར་ཤེས་དབང་གིས་མ་ཡིན་པར་རྟོགས་དཀའི་ནུབ་ཕྱོགས་ཡིད་དཔྱོད་རིག་པའི་སྒོ་བརྒྱ་བློ་རྟོགས་གསེར་གྱི་ལྡེ་མིག་གིས་ཕྱེ་དབང་གིས་རེད་ལ། ཁ་བ་ཅན་པ་བློ་བཟང་གྲགས་པ་ཡང་དག་རྫོགས་པའི"རྒྱལ་བ་གཉིས་པར"བསྔགས་དོན། སྔ་རབས་མཁས་པར་དགག་གཞག་མེད་པར་དག་དུག་བསྡུས་པའི་སྤྲང་གོས་འབྱམས་ཀླས་བཟོ་ཤེས་དོན་གྱིས་མ་ཡིན་པར་རྟོགས་དཀའི་ལྟ་སྒོམ་སྤྱོད་པའི་གོལ་སར་དགག་སྒྲུབ་རིགས་པ་མཐའ་ཆོད་གནང་ནས་ཤིང་རྟ་ཆེན་པོའི་སྲོལ་ལེགས་པར་བཟུང་དོན་གྱིས་སོ། །

རྒྱུ་མཚན་དེའི་དབང་གིས། བསླབ་པ་སློབ་གཉེར་ལ་ལུས་ངག་ཡིད་གསུམ་འབུལ་འདོད་ཡོད་ཅིང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ནུས་མཁན་གྱི་སློབ་གྲོགས་ཡ་རབས་དཔྱོད་ལྡན་རྣམ་པས། ཨ་མ་མ་གཏོགས་མི་ངོ་མི་ཤེས་ཤིང་ཐབ་ཀ་མ་གཏོགས་ས་ངོ་མི་ཤེས་པའི་བསླབ་པ་དོན་དུ་གཉེར་ལུགས་དང་། གཡས་སྤྱན་གཡོན་མིག་དང་མཁྲེགས་འདྲེད་འབོལ་ཟུག་གི་དཔྱད་སྲོལ་ངན་ཞད་ཅན་དེ་རིགས་དགོས་མེད་ལིང་སྐྱུར་ཀྱིས་རྒྱབ་ཏུ་གཡུག་རྒྱུ་གཞིར་བྱས། ཕྱི་ནང་གཞུང་ལུགས་ཀྱི་དོན་ལ་རིང་ནས་མ་འདྲིས་ཀྱང་། གཡོ་རྫུན་ཟོག་ཟོབ་ཀྱི་བྱང་ཁོག་དོག་མོར་མི་ཤེས་གཏི་མུག་གི་ནང་ཚངས་ཚོད་མེད་དུ་བརྫངས་རྗེས། ང་རྒྱལ་ཁེངས་དྲེགས་དང་ཕྲག་དོག་ཁྱད་གསོད་ཀྱི་རྡུལ་སྟན་ཆེ་མཐོའི་སྟེང་དུ་གནོང་མེད་རློམ་སེམས་ཀྱིས་འཛེགས་ནས། སློབ་གྲོགས་དཔྱོད་མེད་ལས་དང་པོ་བ་རྣམས་ལ་བཅོས་མའི་གར་ཆུང་བགས་ཀྱིས་འཁྲབ་ཅིང། བྱ་ལོག་གཏམ་ལོག་གི"ཆོས་འཁོར"རྒྱ་ཆེར་བསྐོར་ཏེ་མིག་འདྲིས་རྣར་འཇགས་ཀྱི་ལྟ་གནད་རང་དགའ་བ་དག་ལའང་རྒྱུས་མེད་རྒྱུས་གཏམ་འཛེམ་མེད་དུ་སྨྲས་ནས། རིགས་པ་མི་ཤེས་པའི་རྣམ་འགྱུར་མི་ལ་ལྷུག་པོར་སྟོན་མཁན་དག་གི་རྡུལ་རྗེས་སྙེག་མཚམས་དུས་ད་ལྟ་ནས་བཞག་སྟེ། ཕྱི་ནང་གསར་རྙིང་རིག་པའི་གནས་གང་ལའང་ཕྱོགས་ལྷུང་ཉེ་རིང་མེད་པའི་བརྩོན་འགྲུས་བྲག་ལ་མདའ་ཟུག་རེ་བསྐྱེད་དགོས་པར་མ་ཟད། ཕྱི་ནས་ཤེས་བྱ་ཡོང་ཐང་ཡོད་པའི་གནས་ལུགས་ལ་དེ་བས་ཀྱང་གཙི་འཇོག་དང་ལེན་ཞུས་ཏེ། འཇིག་རྟེན་མཐོང་བའི་གཞན་རིགས་ཀྱི་ཤེས་ཡོན་པ་བློ་གྲོས་མཆོག་ལྡན་ཚོ་ལྟར། སྔར་ནོར་བ་དེ་རེད་ལ། ད་མཛད་རྒྱུ་འདི་ཡིན་ཞིང། མ་འོངས་པར་འོང་རྒྱུ་དེ་ཡིན་དགོས་སྐོར་ཀྱི་བློ་དཔྱོད་ལ་དཔའ་བར་འགྲོ་བའི་མིང་དོན་གཉིས་མཚུངས་ཀྱི་ཤེས་ཡོན་པ་རྣལ་མར་འགྱུར་རྒྱུར་ཁ་ཞེ་གཉིས་མེད་ཀྱིས་གཞོལ་དགོས་སྙམ་མོ། །ཇི་ལྟར་བདག་ཅག་གིས་ཡིད་ལ་རིང་ནས་སྨོན་པ་དེ་ལྟར། ནམ་ཞིག་ལ་ཁྱེད་རྣམ་པས་དཔྱོད་འཇུག་གི་དམིགས་པ་རྣམ་དག་དེ་ཉིད་ལག་མཐིལ་དུ་ལེན་སྐབས་བྱུང་ན། ཁོ་བོ་ཅག་ཞེ་དགའ་ཞིང་ཕུགས་དྲོ་བའི་མཆོག་དེ་ཡིན་ནོ། །

བཞི།

མི་རིགས་གང་ཞིག་ཡིན་ཀྱང་། མི་ཆོས་རིག་པ་དང་སེམས་ཁམས་རིག་པ། བློ་རྟོགས་རིག་པ་གསུམ་ནི་མཚན་ཉིད་ཚང་ཞིང་རྩ་ལག་འཛོམས་པའི་རིག་གནས་སྲོལ་རྒྱུན་གྱི་གྲུབ་རྒྱུ་གཙོ་བོའམ། ཤེས་རིག་འོ་མའི་རྒྱ་མཚོ་ལས་བཏོན་པའི་རྩི་བཅུད་སྙིང་པོའི་ཡང་སྙིང་པོ་ཡིན་ལུགས་བདག་ཅག་མ་ཟད་ནུབ་ཕྱོགས་མཁས་པ་རྣམས་ཀྱིས་ཀྱང་ཞལ་བཞེས་གནང་གིན་ཡོད་པ་དེའི་ཕྱིར། སློབ་གསོའི་ལས་མཛད་སུ་ཞིག་གིས་རིག་གནས་སྲོལ་རྒྱུན་གྱི་སྤྱི་ཁོག་ལོན་ཡོད་མེད་རིག་པའི་རྩ་ལག་འདི་གསུམ་ལ་སྦྱངས་འདྲིས་ཡོད་མེད་ལ་བལྟ་དགོས་ཤིང་། ཁ་མིན་དོན་གྱིས་སྲོལ་རྒྱུན་ཤེས་རིག་ཡུལ་དུས་དང་མཐུན་པར་འཛིན་སྲུང་སྤྱོད་གསུམ་བྱེད་ཐུབ་མིན་གྱི་གནད་ཀྱང་། རིག་པའི་རྩ་ལག་འདི་གསུམ་རྣམ་པ་དང་ཐབས་ལམ་གསར་པའི་སྒོ་ནས་དེང་རབས་སློབ་གསོའི་ཁྲིད་སྟེགས་སུ་གདན་འདྲེན་ཤེས་མིན་ལ་རག་ཆེས་ཆེར་ལས་པར་མཐོང་གཤིས། ཁོ་བོས་དཔེ་ཀློག་གི་ཆེད་དུ་དཔེ་ཀློག་དང་ཞིབ་འཇུག་གི་ཆེད་དུ་ཞིབ་འཇུག་དོན་དུ་གཉེར་བའི་ལོ་འདོད་གྲག་འདོད་དང་ཁྲལ་མངོན་སླ་བཅོས་ཀྱི་བྱེད་པ་དེ་རིགས་རེ་ཞིག་ལ་བཏང་སྙོམས་སུ་བཞག་ནས། རང་ཉིད་ཀྱི་འཚོ་རྟེན་དུ་གྱུར་པའི་ཡིག་ཚང་རིག་པའི་རིག་ཚན་འཛིན་སྐྱོང་སྤེལ་ལ་སྨན་པའི་མི་ཆོས་རིག་པའི་བསླབ་དེབ་ཅི་རིགས་གསར་དུ་བྱ་རྒྱུའི་འདུན་པ་མ་ཉམས་སོར་བཞག་ཐོག །དེ་ཕྱོགས་ལ་རང་འགན་ཐེག་པ་ཁུར་ལེན་གྱི་སྡུག་བརྩོན་ཅུང་ཟད་རེ་རྒྱག་རྒྱུའི་བཀོད་པ་ནན་འཐེན་བྱས་ནས་རྩོམ་གདན་འདིང་སྒང་ཏག་ཏག་སྟེ། ༢༠༡༩ལོའི་ཟླ༡༠པར། གྲོང་ཁྱེར་ལྷ་སའི་མཐོ་འབྲིང་གཉིས་པའི་ལས་ཀྱི་སྣེ་མོ་བ་སྤྱི་དོན་ཐེག་པ་ཁུར་ལེན་གནང་མཁན་རྣམ་པས། ཕྲན་ལ་སྐབས་དེའི་བོད་ཡིག་དགེ་རྒན་གྱི་གསབ་སྦྱོང་འཛིན་གྲྭ་གང་དེར་རང་རིགས་ཀྱི་སྲོལ་རྒྱུན་མི་ཆོས་སྐོར་གྱི་དཔྱད་གླེང་ཐུང་ངུ་ཆུ་ཚོད་ཕྱེད་ཀ་ལྷག་ལ་བྱ་རྒྱུའི་བཀའ་བཟང་སྤྱི་སྨིན་དུ་བསྩལ་པ་མ་བཟློགས་པར། ཚེས༢༣ཉིན་གྱི་ཕྱི་དྲོར་ལས་དེ་གཡར་ཁྲལ་ཙམ་དུ་བགྱིས་པ་བརྗོད་བྱ་དོན་གྱི་ཕྱོགས་ནས་སྐྱོ་མ་སྔ་བཙན་དུ་སོང་སྟེ་ཨར་སྐད་བོད་རྣར་གྲག་པའི་དཔེ་ལྟར་ཡིད་ལ་སྨོན་པའི་རེ་འབྲས་ཅི་ཡང་མ་ལོན་པ་དེ་སྐད་དུ་མདོ་ལས། རི་བོང་རྭ་ཅན་རྙེད་པར་དཀའ། །རུས་སྦལ་སྤུ་ཅན་རྙེད་པར་དཀའ། །སྨད་འཚོང་གཅིག་པུར་འདུག་པ་དང་། །གཟུ་བོ་དྲང་པོར་སྨྲ་རྙེད་དཀའ། །ཞེས་པའི་རྙེད་དཀའ་བཞིའི་དཔེ་དོན་ངོ་མར་སོང་ནའང། སྟབས་ལེགས་ནས་བྲི་བྱ་འདི་ཉིད་བར་ཟོམ་དུ་མ་བཞག་པར་ལག་ལེན་དུ་གདབ་ལ་སླེའུ་གྲུ་འདེགས་ཀྱི་མཐུན་རྐྱེན་ལེགས་ཚོགས་སུ་སོང་བས། ཁོང་རྣམ་པ་དྲིན་དྲན་དྲིན་གཟོའི་ཡུལ་དུ་ཞེ་དང་བསམ་པ་ཐག་པས་སྒོམ་གིན་ཡོད་ལ། དེར་མ་ཟད། དབུས་འགྱུར་རིག་པའི་དགའ་ཚལ་ནས་སྨོན་ལམ་དང་རྟེན་འབྲེལ་གྱི་གདན་ཐོག་གཅིག་ཏུ་འཛོམས་ཤིང་། སྤྱི་དོན་ཁུར་འཁྱེར་གྱི་ལྷག་བསམ་འོ་མའི་མཚོ་རུ་སྐྱིལ་མཁན་ཁོ་བོའི་ཤེས་རམས་ཞིབ་འཇུག་སློབ་མ་འགའ་ཞིག་གིས། བོད་ཀྱི་སློབ་གསོའི་སྡེ་ཚན་དག་ལ་ད་ལྟའི་བར་དུ་རང་སྐད་རང་གཞུང་དུ་བྱས་པའི་མི་ཆོས་རིག་པའི་བསླབ་དེབ་སྣ་གཅིག་ཀྱང་མཐོང་ཆོས་སུ་མ་གྱུར་པ་འདི་ལགས་གཤིས། དགེན་ལགས་ནས་དེ་ཕྱོགས་ལ་འཁུར་སྐྱེད་ཐུགས་བརྩོན་རྒྱུན་ཆགས་སུ་གནང་རྒྱུ་བྱུང་ན། རང་གཞན་གཉི་གར་ཅི་ནས་ཀྱང་ཕན་རླབས་ཆེ་ཚུལ་གྱི་དོན་ཐོབ་དྲན་སྐུལ་གཅིག་མིན་དུ་མར་བཏབ་པ་ཡང་། དེ་བཞིན་དུ་ལས་ཀ་འདི་ཉིད་ཁ་བཤད་གཏམ་དུ་མ་གཤེགས་པར་དོན་སྨིན་ལེགས་སོན་འབྱུང་ལ་ཕྱར་བ་གྲུ་འདེགས་ཀྱི་བོགས་ཆེན་དུ་སོང་བས། འདི་ནས་ཆེད་དུ་སློབ་བུ་རྣམ་པའི་ལྷག་བསམ་ཉི་དཀྱིལ་ལ་རྗེས་སུ་ཡི་རང་གི་སྙིམ་པའི་པདྨོ་སྟོང་ལྡན་དུ་བཞད་པ་ཡིན། ཁྱད་པར་དུ་ལོ་འདི་འགར་ལྷག་བསམ་གངས་རིའི་མདངས་སུ་བྱས་པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དབུ་འཁྲིད་དྲུང་འཁོར་རྣམས་དང་དེབ་འདིའི་རྩོམ་སྒྲིག་པ་ལྷན་རྒྱས་ལ་མཚམས་ཚིགས་མེད་པར་དྲིན་གཟོའི་སྙིམ་པ་སྙིང་གར་ཟུམ་ཟུམ་དུ་སྡོད་དགོས་ཏེ། བརྩམས་ཆོས་བདག་དབང་གི་ཆོག་མཆན་རུས་སྦལ་གཉའ་ཤིང་མགྲིན་ཆུད་ལྟར་ཤིན་ཏུ་རྙེད་དཀར་གྱུར་པའི་ཡུལ་དུས་གནས་སྐབས་འདི་འདྲར། འཁོས་ཆུང་ཕྲན་པར་བཀའ་དྲིན་རྗེས་འཛིན་གྱི་ཕྱག་ཟུང་གཅིག་མིན་དུ་མར་བརྐྱངས་ནས་དཔྱད་འབྲས་ཉི་ཚེ་བ་དག་ཁ་བའི་ཡུལ་ལུང་འདི་ལ་ཅི་དགར་སྐྱོད་ཆོག་གི"སྦུག་དམ་ཤེ་བམ"ཡིད་ལ་ཇི་ལྟར་སྨོན་པ་ལྟར་བར་མེད་དུ་སྩོལ་བའི་ལེགས་ཚོགས་ཀྱིས། རང་ཉིད་ལན་གཅིག་མིན་པར་གྲོགས་རིགས་སྨྲའི་ཁྲོད་ནས་སྐལ་བཟང་སྟོང་ལྡན་དུ་བྱས་པས་སོ། །དེར་མ་ཟད། དེབ་འདིའི་ཞུ་དག་བཟོ་སྐྱོར་གྱི་དཀའ་ཚེགས་ཕྲག་ཏུ་ལེན་མཁན་སློབ་བུ་ནག་ཤོད་བསྟན་འཛིན་མཚུངས་མེད་དང་གྲ་ནང་བཤད་སྒྲུབ་རྒྱ་མཚོ་རྣམ་གཉིས་དང་། གྲོགས་མཆེད་རིགས་སྨྲ་གནམ་ཕྱུག་རྒྱལ་བཅས་ལའང་ཟོལ་མེད་དྲིན་གཟོའི་མགྲིན་པ་དབྱིངས་སུ་གདེག་དགོས་ཏེ། ཁོང་རྣམ་པས་མཐར་ཆགས་འབྲུ་འདེད་ཀྱི་ལམ་ནས་ཕྲན་གྱི་རིག་པའི་ཞིང་ཆུང་འདི་ལ་གབ་འཁྲུགས་ཐོར་མེད་ཀྱི་རྩྭ་ལྡུམ་གཙང་ཡུར་རུ་ངར་ཐེངས་གཅིག་གནང་བས་སོ། །

མདོར་ན། འདིར་འབད་དགེ་ཚོགས་ཉལ་འགྲོའི་བསིལ་རེག་གིས། །སྤྱི་གཙུག་པདྨོའི་ཞབས་དུབ་ཉེར་སེལ་ཞིང། །སྐལ་བཟང་བློ་ཡི་འདབ་སྟོང་ཁ་ཕྱེ་ནས། །གླུ་ལེན་རྩོད་པའི་འཕུར་ལྡིང་གཡོ་བར་ཤོག །དེ་མཐུས་ཕན་བདེ་ལེགས་ཚོགས་འབྱུང་བའི་གནས། །སཱ་ལའི་ཤེས་རིག་བསྐལ་པའི་མཐར་བརྟན་ཅིང་། །དཔལ་འབྱོར་ཡོངས་འདུའི་རྩ་བ་རབ་རྒྱས་ནས། །རིགས་རྐང་གཡུ་ལོའི་ཚང་ཚིང་འཁྲིགས་པར་ཤོག །གཞན་ཡང་འདི་ལས་ཐོབ་པའི་བློ་སྐྱེད་ཀྱིས། །བུ་རྣམས་དཔྱད་འཇོག་རིགས་པའི་རྩེར་སོན་ནས། །གངས་ལྗོངས་ནོར་བུའི་ཕ་ཁྱིམ་སྐྱོང་བ་ལ། །མགོན་དང་མིག་ཏུ་འགྱུར་བའི་བཀྲ་ཤིས་ཤོག །ཅེས་བོད་རབ་བྱུང༡༧པའི་ཆུ་ཡོས་ལོའི་ས་ག་ཟླ་བའི་ཚེས༣༠པ་སྟེ་ནུབ་རྩིས་ཀྱི༢༠༢༣ལོའི་ཟླ༦པའི་ཚེས༡༨ཉིན་རྫོང་བཙན་བུམ་པ་རིའི་ལྷ་ཞོལ། ལྷ་ཆབ་སྐྱི་ཆུ་སྔོན་མོའི་གཡས་འགྲམ། དགའ་ལྡན་དྲུང་སྤྱི་གླིང་གའི་སྐུ་པང་གི་ཤག་ཆུང་ཉི་འོད་འབབ་ལྡན་ནས་རྫོགས་པར་སྦྱར་ཏོ།། །།

རྩོམ་པ་པོ་ངོ་སྤྲོད།  

འགྱན་སངས་རྒྱས་དོན་གྲུབ་ལགས་བརྒྱ་ལོ༢༠པའི་ལོ་རབས༦༠པའི་མཇུག་ལ་མདོ་སྨད་བྱང་ངོས་རྨ་གཡང་དགའ་བ་འཁྱིལ་བའི་ཁུགས་སོ་གཉིས་པ་སྟེ་སྲིན་པོ་རིའི་ལྷ་ཞོལ་དུ་ས་འཛིན་གྱི་སྔ་བར་ཆགས་པའི་བརྒྱ་སྡེ་དོ་བརྒྱའི་ཡུལ་དུ་སྐྱེས། ༡༩༧༦ལོ་ནས་བཟུང་། སྔ་ཕྱིར་གྲོང་ཚོའི་སློབ་ཆུང་དང་ཡུལ་ཚོའི་ཆ་ཚང་སློབ་ཆུང་། རྫོང་མི་རིགས་སློབ་འབྲིང་སོགས་རིམ་པར་འགྲིམས། ༡༩༩༡ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་རམས་པ་མཐར་ཕྱིན། ༢༠༠༦ལོར་སློབ་ཆེན་དེ་ག་ནས་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་ཆེན་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་། བོད་ལྗོངས་སློབ་ཆེན་སོགས་སུ་དགེ་རྒན་དང་རིག་གནས་དཔྱོད་འཇུག་གི་ལས་ཀ་དོན་ཏུ་གཉེར། «མེ་ལོང་མའི་ལུས་ལས་ལྷུག་པའི་སྐོར་ལ་བསྐྱར་དུ་དཔྱད་པ»སོགས་དཔྱད་རྩོམ༤༠ལྷག«ཀྲུང་གོའི་བོད་རིག་པ»སོགས་དུས་དེབ་ཁག་ཏུ་བཀོད་ཅིང་། «རིག་གནས་དང་མི་གཤིས»སོགས་བརྩམས་དེབ༦དང་། «དམ་ཆོས་སྟོང་ཐུན»སོགས་སློབ་དེབ༢། ནཱ་ཕོ་ལོན་ཧེལ་གྱི«བྲོད་སེམས་ཀྱི་སྟོབས་ཤུགས»སོགས་འགྱུར་དེབ༢རྣམས་སྔ་ཕྱིར་པར་དུ་བསྐྲུན། ཨེན་སི་ཏེན་གྱི«བདག་གི་འཇིག་རྟེན་ལྟ་ཚུལ»སོགས་གཞན་རིགས་ཀྱི་རྩོམ་རབ༡༦ལྷག་བོད་སྐད་དུ་ཕབ་ནས«ཀློག་པ་པོ»སོགས་དུས་དེབ་ཁག་ཏུ་སྤེལ། ད་ལྟ་བོད་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་གྱི་འགན་ཕྲག་ཏུ་བཞེས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号