དེབ་གསར། «བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ»
ཉེ་ཆར། ཨ་ཁུངས་བསོད་ནམས་ཆོས་འཕེལ་ལགས་ཀྱིས་སྒྲིག་རྩོམ་བྱས་པའི«བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་གནང་འདུག
གཏམ་དཔེ་ནི་ཤེས་རིག་གི་གནད་འདུས་པའི་གླེགས་བམ་མཐུག་པོ་ཞིག་དང་། ཉམས་མྱོང་གི་བསླབ་བྱས་བྲིས་པའི་པོ་ཏི་ཆེན་པོ་ཞིག འཇིག་རྟེན་མི་ཆོས་ཀྱི་ཚད་ཐིག་འཕེན་བྱེད་ཀྱི་ཁྲིམས་ཤིང་དྲང་མོ་ཞིག ཡར་བརྩོན་གྱི་ལས་ལ་བསྐུལ་བའི་གཞུང་ལུགས་ཟབ་མོ་ཞིག གཏན་ཚིགས་ཀྱི་རང་བཞིན་བཙན་པའི་བསྟན་བཅོས་ཁྱད་པར་བ་ཞིག་སྟེ། འདི་ཉིད་སྐད་ཆའི་ཁྲོད་བཀོལ་ན་བདེན་ལུགས་དང་གསོན་ཉམས་རབ་ཏུ་ལྡན་པ། བུ་རབས་ཚ་རྒྱུད་ལ་སྤེལ་ན་ཁ་ཏ་བསླབ་བྱའི་ནུས་པ་ཆེས་ཆེར་ཐོན་པ། གཏམ་རྒྱུད་འཆད་ཉན་ཁྲོད་དུ་སྤྱད་ན་གོ་བདེ་ཞིང་དོན་མཚོན་སྟངས་གནད་ལ་ཁེལ་ཆེ་བ་སོགས་ཁྱད་ཆོས་ཕུན་སུམ་ཚོགས་པ་ཡོད།
«བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ»ཞེས་པའི་དེབ་འདི་ནི་བོད་ཀྱི་གཏམ་དཔེ་འདི་ཉིད་རིག་པའི་གཞུང་ལུགས་ཀྱི་མཐོ་ཚད་ཐོག་ནས་ཞིབ་འཇུག་བྱེད་པའི་དཔེ་དེབ་ཐོག་མ་ཞིག་ཡིན་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་དགེ་རྒན་ཆེན་མོ། བོད་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས། དེབ་འདི་ཉིད་ཀྱིས་བོད་ཀྱི་དམངས་ཁྲོད་གཏམ་དཔེ་དེ་དམངས་ཁྲོད་རང་བཞིན་ནས་རིག་གཞུང་རང་བཞིན་དུ་བསྒྱུར་པའི་ཐད་ལ་ནུས་པ་གང་ལེགས་བཏོན་ཡོད། ཅེས་གསུངས།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། བོད་རིག་པའི་ཆེད་མཁས་པ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས། དེབ་འདི་ནི་ལོ་རྒྱུས་རིག་གནས་ཀྱི་ཕུ་ཐག་རིང་ཞིང་ནང་དོན་ཁྱབ་ཆེ་ལ། དགེ་མཚན་དུ་མས་ཕྱུག་པའི་དེབ་ཅིག་ཡིན་པ་མ་ཟད། བོད་ཀྱི་གཏམ་དཔེའི་རིག་གནས་དེ་ཉིད་རིག་པའི་གཞུང་ལུགས་ཀྱི་མཐོ་ཚད་ནས་ཞིབ་འཇུག་བྱེད་པར་འགོ་ཚུགས་པར་རྨང་འདིང་བའི་ལས་ཀ་ཐོག་མར་སྤེལ་བ་ཡིན་པས་ད་ལྟ་དང་མ་འོངས་པར་དོན་སྙིང་ཡོད་པའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད། ཅེས་གསུང་པ་ལྟར་རོ། །
དེབ་འདིར་ལེའུ་དང་པོར་བོད་ཀྱི་གཏམ་དཔེ་ཡི་གོ་དོན་དང་ཇི་ལྟར་བྱུང་བའི་སྐོར། ཁྱད་ཆོས་གང་ཡོད་སོགས་ཁ་གསལ་གནད་འདུས་ཀྱིས་བཤད་ཡོད། ལེའུ་གཉིས་པར་བོད་ཀྱི་གཏམ་དཔེ་ཡི་ལུས་སྲོག་རྒྱན་གསུམ་གྱི་སྐོར་ནས་བྲིས་ཡོད། ལེའུ་གསུམ་པ་ནི་བོད་ཀྱི་གཏམ་དཔེ་ཡིས་བོད་མི་རིགས་ལ་བཞག་པའི་ཤུགས་རྐྱེན་དང་བསླབ་བྱའི་སྐོར་ནས་བརྫོད་ཡོད་དོ། །
བོད་ཀྱི་གཏམ་དཔེ་ནི་བོད་མི་རིགས་ཀྱིས་ལོ་ཁྲི་སྟོང་མང་པོར་བསགས་པའི་བདེ་སྡུག་གི་ལྟ་བ་དང་ཐ་ན་འཛམ་གླིང་མི་མང་གིས་བསགས་པའི་བདེ་སྡུག་གི་མྱོང་བ་དང་ཡར་ཐོན་གྱི་སེམས་ཁམས་སོགས་ཀྱི་ས་བོན་ཉལ་སའི་སྣོད་ཆེན་པོ་ཞིག་ཡིན་ཞིང་། གཏམ་དཔེ་ནང་དུ་འཇིག་རྟེན་ལྟ་ཚུལ་ནས་བརྩམས་ཏེ། མི་ཚེ་རིན་ཐང་དང་། བདེ་སྡུག་གི་ངོས་འཛིན་དང་། ཡར་ཐོན་གྱི་བསམ་བློ། བྱ་བའི་འཆར་འགོད་ཀྱི་གཏན་ཚིགས་རང་བཞིན། འདས་མ་ད་གསུམ་གྱི་བདེ་སྐྱིད་ཉམས་སུ་མྱོང་ལུགས་སོགས་རྒྱས་ཤིང་རྒྱས་པར་གཏན་ལ་ཕབ་ཡོད་ཅིང་། དེ་དག་འཛམ་གླིང་སྔོན་ཐོན་གྱི་སློབ་གསོའི་ལྟ་བ་དང་། གཏན་ཚིགས་རིག་པའི་རྣམ་བཞག་སོགས་དང་མཐུན་པའི་ཆ་མང་པ་མ་ཟད། ལྷག་ཏུ་ཡར་བརྩོན་གྱི་སེམས་ཁམས་རིག་པ་དང་ཤིན་ཏུ་མཐུན་ཚབས་ཆེ་བ་ཞིག་ཏུ་སྣང་སྟེ་དེ་དག་དེབ་འདིའི་བརྗོད་བྱ་གཙོ་བོ་རུ་བཟུང་ཡོད་དོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注