མགར་རྩེ་ཡི་དམ་ཚེ་རིང་གི«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

ཟླ8པའི་ཚེས27ཉིན་གྱི་སྔ་དྲོར། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་དང་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་གཉིས་ཀྱིས་སྒྲུབ་འགན་འཁུར་བའི«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་དུ་བསྡུས། མཛད་སྒོ་ལ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་སློབ་གཙོ་ཟུར་པ་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཞུ་ཆེན་ལོ་ཙཱ་པ་འཇམ་དབྱངས་དར་རྒྱས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་གཞོན་པ་རྟ་མགྲིན་སྐྱབས། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་བོད་ཀྱི་སྐད་ཡིག་རྩོམ་རིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་བན་དེ་ཚེ་རིང་སོགས་རིག་གཞུང་ཆེད་མཁས་པ་ཉི་ཤུ་ལྷག་ཞུགས།

«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པའི་དེབ་གསར་འདི་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཤིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་མགར་རྩེ་ཡི་དམ་ཚེ་རིང་གིས་བརྩམས་པའི་དབུས་གཙང་རུ་བཞིའི་གནའ་ཤུལ་དང་མཁར་དགོན་གྲགས་ཅན་ཁག་ལ་བརྟག་དཔྱད་དུ་བསྐྱོད་པའི་རིག་གཞུང་རྟོག་ཞིབ་ཀྱི་ཟིན་ཐོ་ཞིག་ཡིན་ཞིང་། དེབ་དེར་རྩོམ་པ་པོས་དབུས་གཙང་རུ་བཞིའི་ཁོངས་ཀྱི་གནའ་ཤུལ་གྲགས་ཅན་བརྒྱ་ལྷག་ལ་རྟོག་ཞིབ་ཏུ་བསྐྱོད་དེ། གནའ་ཤུལ་དེ་དག་གི་སྔོན་གྱི་བྱུང་བ་དང་ད་ལྟའི་གནས་བབས་ལ་ལོ་རྒྱུས་ཡིག་ཚང་རིག་པ་དང་། རིག་གནས་མིའི་རིག་རིགས་པ། གནའ་དཔྱད་རིག་པ་བཅས་ཀྱི་མཐོང་སྣེ་དུ་མའི་སྒོ་ནས་དཔྱད་ཞིབ་གནད་དུ་ཐིངས་པ་བྱས་ཡོད།

འགྲེམ་སྤེལ་མཛད་སྒོའི་ཡུལ་དངོས་སུ་སྤྲོ་དགའི་ཉམས་ཀྱིས་ཕྱུག་ཅིང་། རྩོམ་པ་པོས་ཐོག་མར«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཀྱི་གསར་རྩོམ་ཀུན་སློང་དང་དམིགས་ཡུལ་དགོས་པ། ནང་དོན་གཙོ་བོ་བཅས་སྐུ་མགྲོན་རྣམས་ལ་ངོ་སྤྲོད་བྱས། ཁོས“དེབ་འདི་ནི་ངས་ལོ་མང་པོར་ཡུལ་དངོས་རྟོག་ཞིབ་དང་དཔེ་ཀློག་འཚོལ་ཞིབ། རིགས་འདེད་ཁོངས་འཚོལ་སོགས་བྱས་པའི་གྲུབ་འབྲས་ཙམ་ཡིན་ལ། དེའི་ནང་དུ་དར་གོས་ཚོང་ལམ་གྱི་རྒྱུད་དུ་གཏོགས་པའི་བོད་ཀྱི་གནའ་བོའི་རིག་གནས་ཤུལ་བཞག་དང་ལོ་རྒྱུས་གནའ་ཤུལ་སོགས་ལ་མཇལ་བའི་མཐོང་ཐོས་དྲན་རེག་འདུས་ཡོད་པར་མ་ཟད། ཀྲུང་ཧྭའི་རིག་གནས་དང་ཀྲུང་ཧྭ་མི་རིགས་འགྲོ་འོང་མཉམ་འདྲེས་ཐད་ཀྱི་བསམ་གཞིག་ཀྱང་འདུས་ཡོད”ཅེས་བཤད།

མཛད་སྒོའི་ཐོག རིག་གཞུང་ཆེད་མཁས་པ་ཚོས«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པའི་དེབ་གསར་ལ་དཔྱད་བརྗོད་དང་གདེང་འཇོག་མཐོན་པོ་མཛད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གིས། སློབ་བུ་ཡི་དམ་ཚེ་རིང་ལགས་ཀྱིས་བོད་ཀྱི་རུ་བཞི་བསྐོར་བའི་གནས་དཔྱད་འདི་ནི་རང་ཉིད་དངོས་སུ་རུ་བཞིའི་ཡུལ་ཁམས་མི་ཉུང་བ་ཞིག་ལ་རྟོག་དཔྱོད་ཐེངས་གཅིག་མིན་མང་པོར་ཞབས་སྐྱོད་གནང་བའི་ཁྲོད་ནས་སྔོན་རབས་ཀྱི་བསྟན་བཅོས་སུ་མ་བྱུང་བ་དང་བྱུང་ཡང་དེང་དུས་སུ་སྣང་མེད་དུ་ལུས་པའི་རུ་བཞིའི་ལོ་རྒྱུས་དང་། བཙན་པོ་དུས་སྐབས་ཀྱི་ཏུན་ཧོང་ཡིག་རྙིང་ཁྲོད་དུ་རུ་བཞིར་འབྲེལ་བའི་ས་མིང་དང་ཡུལ་མིང་། དེ་དག་གི་གནས་ཡུལ་སོགས་སུས་ཀྱང་དཔྱོད་ཤེས་མེད་པར་ལུས་པ་ཁག་ཅིག་ལ་སྣེ་དུ་མ་ནས་དཔྱོད་པའི་ཐབས་ཀྱིས་ཕ་ངོ་འཕྲོད་པ་ལྟ་བུའི་ལག་རྗེས་བཞག་པ་མ་ཟད། སྔ་རབས་མཁས་པའི་གནས་སྐོར་རིག་གནས་སྐོར་གྱི་བསྟན་བཅོས་མང་པོས་ཟུར་བརྒྱན་པའི་བརྩམས་ཆོས་ཤིག་ཀྱང་ཡིན་པས་བོད་རིག་པ་ཞིབ་འཇུག་ཁྲོད་དུ་དགེ་མཚན་མི་དམན་པའི་དཔྱད་རྩོམ་ཅིག་ཏུ་བདག་གིས་འདོད་དོ། ། ཞེས་གསུངས།

དེ་མིན། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས། རྩོམ་མཁན་གྱིས་རང་ཡུལ་ལུང་པའི་མཐིལ་ཁོ་ན་དམིགས་པའི་གཏད་སོར་བཟུང་བ་དང་། དེ་ལས་ཀྱང་རི་གྲོང་གི་དཔྱད་གནས་གལ་ཆེན་མང་པོ་ཞིག་ལ་དམིགས་ཕུག་པར་རི་གྲོང་གི་རྟོག་དཔྱོད་དང་། ལོ་རྒྱུས་ཀྱི་ཞིབ་འཇུག ཡིག་ཆའི་ཞིབ་འཇུག་གསུམ་ག་སུམ་འབྲེལ་དུ་བགྱིས་ཏེ། གནས་དང་གནའ་ཤུལ་བརྒྱ་བྱིན་གྱི་རྔ་བོ་ཆེ་ལྟ་བུ་རྣམས་ལ་རང་རེའི་ལོ་རྒྱུས་དང་རིག་གནས་ཀྱི་བྱུང་བའི་སྒྲ་གསར་པ་འབྱིན་དུ་བཅུག་འདུག་པས། མངོན་སུམ་ལས་ལྐོག་གྱུར་གཞལ་བྲ་བ་དང་། ད་ལྟ་ལས་གནའ་བོ་མཐོང་ནུས་པ། ཆུང་ངུ་ལས་ཆེན་པོ་ཤེས་ཐུབ་པའི་བློ་སྐྱེད་ངེས་པར་སྟེར་ནུས་པ་དང་། རི་གྲོང་གི་དཔྱད་གནས་དེ་དག་ལ་འགྲེལ་བཤད་དང་དོན་སྙིང་སྐྱེད་སྐྲུན་གྱི་ཁོང་གསེང་གསར་པ་ཞིག་ཀྱང་བསྩལ་འདུག་པ་དེ་ཡིན་པར་མ་ཟད། རང་གི་ཁྱད་ཆོས་མངོན་པར་གསལ་བའི་རི་གྲོང་ཐོ་ཡིག་གི་རྩོམ་སྟངས་གསར་པ་ཞིག་གི་སྒོ་ལེགས་པར་ཕྱེ་འདུག་པས། འདི་ནི་རིག་གཞུང་རྩོམ་ཡིག་འབྲི་སྟངས་ཀྱི་ཆ་ནས་ཀྱང་མ་དཔེ་གསར་པ་ཞིག་ཏུ་བརྗོད་ཆོག་ཅེས་གསུངས།

གཞན་ཡང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱིས། གཅིག་ནས་ཆེས་ཐོག་མའི་དབུས་གཙང་རུ་བཞིར་འབྲེལ་བའི་རིག་གཞུང་སྐོར་གྱི་ཡུལ་དངོས་རྟོག་ཞིབ་ཀྱི་དེབ་ཏུ་སོང་བས་མེད་པ་ཁ་སྐོང་གི་རྒྱུ་རུ་གྱུར་པ་དང་། གཉིས་ནས་ལོ་རྒྱུས་ས་ཁམས་ཁག་ལ་ད་ལྟའི་དངོས་ཡོད་གནས་ཚུལ་གྱིས་ཟུར་བརྒྱན་པས་འདྲེན་ཤུགས་ཆེ་བ། གསུམ་ནས་གནའ་ཤུལ་ལམ་རྟེན་རྫས་ཁག་ཅིག་གསར་དུ་རྙེད་དེ་དཔྱད་པས་རིག་གཞུང་གསར་གཏོད་ཀྱི་འབྲས་བུར་སོང་བ། བཞི་ནས་ཡུལ་དངོས་རྟོག་ཞིབ་ཀྱི་གཟབ་ནན་རིག་གཞུང་ལྟ་བས་སྔོན་གྱི་བཤད་ལུགས་ཁག་ཅིག་གི་ཡོ་བསྲང་སྟབས་ནོར་བཅོས་ཁ་གསབ་ཀྱི་རིན་ཐང་ལྡན་པ། ལྔ་ནས་ཡུལ་དངོས་རྡོག་པས་མནན་ཏེ་སྔ་ཕྱིའི་མཐོང་ལུགས་ཇི་བཞིན་འཁོད་སྟབས་སྣང་བརྙན་དངོས་བདེན་གྱིས་ཕྱུག་པ། དྲུག་ནས་གོ་སླའི་ཞིབ་བརྗོད་ཀྱི་སྐད་ཆར་རིག་གཞུང་དཔྱད་ཞིབ་ཀྱི་བཅུད་བསྣན་པས་ཀློག་མཁན་མཆོག་དམན་བར་མ་ཅི་རིགས་ལ་ཐུན་མོང་གི་སྐྱེས་སུ་རུང་བ་བཅས་སོ། །ཞེས་དེབ་དེར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དྲུག་དང་ལྡན་པར་གསུངས།

དེབ་གསར་འགྲེམ་སྤེལ་མཛད་སྒོ་ཕུན་སུམ་ཚོགས་པའི་ངང་ཚོགས་པ་དང་ལྷན་དུ། «རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པའི་དེབ་འདི་ཡང་དངོས་སུ་ཀློག་པ་པོ་རྣམས་དང་ཞལ་མཇལ་བྱུང་བ་ཡིན། རྩོམ་པ་པོའི་རྔུལ་ཁྲག་གི་ཐིགས་པ་དང་ཤེས་རབ་ཀྱི་དྭངས་མ་གཞི་གཅིག་ཏུ་འདུས་པའི་དེབ་མཆོག་འདིས། དར་གོས་ཚོང་ལམ་གྱི་རྒྱུད་དང་མཐོ་སྒང་གི་ཁོང་གསེང་དུ་བག་ལ་ཉལ་བའི་གནའ་བོའི་ཤེས་རིག་གི་ཤུལ་རྗེས་དང་དེའི་གཞལ་དུ་མེད་པའི་རིན་ཐང་སོགས་ལ་མི་སྔར་ལས་མང་པོའི་སྤྲོ་བ་དང་དོ་སྣང་བསྐྱེད་ངེས་ལ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིག་གཞུང་ཞིབ་འཇུག་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དར་སྤེལ་སོགས་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་ཤུགས་ཆེན་ཐེབས་པར་ཐེ་ཚོམ་མེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号