ལྡོང་བུའི་འགྱུར་དེབ་གསར་པ«མྱ་ངམ་ཐང»པར་བསྐྲུན་འགྲེམས་སྤེལ་བྱས།

ཉེ་བའི་ཆར། དབྱིན་ཇིའི་སྙན་ངག་པ་དང་ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་སྙན་ངག་མཁན་ཨེ་ལིའོ་ཐི་ཡི་སྙན་ངག་གཅེས་བཏུས་དབྱིན་བོད་ཤན་སྦྱར་གྱི་འགྱུར་དེབ་ཅིག་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་ཅིང་། དེབ་དེ་ནི་ལོ་ཙཱ་བ་ལྡོང་བུས་དབྱིན་ཡིག་ནས་བོད་ཡིག་ནང་བསྒྱུར་བའི་འཛམ་གླིང་རྩོམ་རིག་སྐོར་གྱི་དེབ་གསར་ཤོས་དེ་ཆགས་ཡོད་པ་རེད། དེབ་དེའི་ནང་དུ་ཨེ་ལིའོ་ཐི་ཡི་སྙན་ངག་རིང་མོ་མྱ་ངམ་ཐང་དང་། ཁོག་པ་སྟོང་བའི་མི། སྔོན་འགྲོའི་རོལ་དབྱངས། རླུང་ལྡང་བའི་མཚན་མོ་ཞིག་གི་དྲག་འཕྱུར་རོལ་དབྱངས་སོགས་སྙན་ངག་ཉེར་ལྔ་འདུས་ཡོད།

དེབ་ཀྱི་འདྲ་པར།

ལོ་ངོ་བརྒྱ་ཡི་སྔ་རོལ་ཏེ། སྤྱི་ལོ༡༩༢༢ལོའི་ལོ་དེ་ནི་འཛམ་གླིང་རྩོམ་རིག་ལ་མཚོན་ན་དམིགས་བསལ་གལ་འགངས་ཆེ་བའི་ལོ་ཞིག་ཡིན་པ་རེད། ལོ་དེར་ཨེ་ལིའོ་ཐི་ཡི་སྙན་ངག་རིང་མོ་མྱ་ངམ་ཐང་དང་། ཇོའེ་སི་ཡི་སྒྲུང་རིང་ཡུ་ལེ་སེ་སི། ཝུལ་ཧྥོ་ཡི་ཡ་ཁོབ་ཀྱི་ཁང་མིག། མན་སི་ཧྥེལ་ཏེ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་ལྡུམ་རའི་གསོལ་སྟོན་དང་སྒྲུང་གཞན་དག་སོགས། ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་བརྩམས་ཆོས་གྲགས་ཅན་ཁག་ཅིག་ལོ་དེར་པར་བསྐྲུན་བྱས་ཏེ་དུས་ཕྱིས་ཀྱི་འཛམ་གླིང་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ལོ་ངོ་བརྒྱ་འགོར་རྗེས་ཀྱི་དུས་འདིར་གཞི་ནས་བརྩམས་ཆོས་དེ་དག་གི་ནང་ནས་སྙན་ངག་རིང་མོ་མྱ་ངམ་ཐང་སོགས་ཨེ་ལིའོ་ཐི་ཡི་སྙན་ངག་ཁག་ཅིག་བོད་ཡིག་ཏུ་བསྒྱུར་ཏེ་པར་བསྐྲུན་བྱེད་ཐུབ་བྱུང་ཡོད་པ་རེད།

སྙན་ངག་འདི་དག་ལས་ཁག་ཅིག་ལོ་ཙཱ་བ་ལྡོང་བུས་ལོ་ངོ་དུ་མའི་སྔོན་ནས་བོད་ཡིག་བསྒྱུར་ཚར་ཡོད་པར་མ་ཟད། སྙན་ངག་འདུ་ཚོགས་རེ་གཉིས་ཀྱི་སྟེང་དུ་སྒྲོག་འདོན་ཡང་བྱས་མྱོང་ཡོད་ལ། དུས་དེབ་ཁ་ཤས་སུའང་ཁག་ཅིག་སྤེལ་མྱོང་ཡོད་པ་རེད། ཡིན་ནའང་དམིགས་བསལ་གྱིས་སྙན་ངག་གཅེས་བཏུས་ཀྱི་དེབ་ཅིག་ཏུ་བཟོ་འཆར་བྱས་རྗེས། སྙན་ངག་འགྱུར་རྙིང་དེ་དག་ལ་ཡང་བསྐྱར་ཞུ་དག་བཟོ་བཅོས་བརྒྱབ་པའི་ཁར་གསར་པ་ཁག་ཅིག་བསྒྱུར་ཏེ་ཨེ་ལིའོ་ཐི་ཡི་སྙན་ངག་གི་རྩོམ་ཉམས་དང་ཁྱད་ཆོས་ཅུང་ཟད་ཐོན་པར་བྱས་ཡོད།

སྤྱིའི་ཆ་ནས་ཨེ་ལིའོ་ཐི་ཡི་སྙན་ངག་ནི་ཅུང་ཟད་གོ་དཀའ་ཞིང་ཁ་དམ་པའི་རིགས་ཡིན། ཨེ་ལིའོ་ཐི་ལ་སློབ་གླིང་སྙན་ངག་པའམ་མཁས་པ་སྙན་ངག་པའི་ཁྱད་ཆོས་ལྡན་པའི་ཕྱིར། སྙན་ངག་གི་ནང་དུ་འཛམ་གླིང་ཤར་ནུབ་དང་གནའ་དེང་ཕྱི་ནང་གི་རིག་གནས་ཆོས་ལུགས་འབྲེལ་ཡོད་ཀྱི་ཁུངས་ལུང་འབོར་ཆེན་དྲངས་ཡོད་ཅིང་། ཐ་ན་དབྱིན་ཡིག་མ་ཡིན་པའི་སྐད་རིགས་གཞན་དང་གཞན་ཡང་མང་དུ་སྦྱར་ཡོད་པས་ན། སྙན་ངག་ལ་གོ་བ་ཡང་དག་པ་ཞིག་ལེན་པར་དཀའ་ལས་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། དཀའ་བ་དེ་དག་ཅུང་ཟད་སེལ་བའི་ཕྱིར་ལོ་ཙཱ་བས་སྙན་དེབ་སྔོན་གྱི་ཤོག་ངོས་ཉི་ཤུ་ལྷག་གི་ནང་དུ་ཨེ་ལིའོ་ཐི་ཡི་མི་ཚེའི་བྱུང་བ་དང་། སྙན་ངག་དང་བརྩམས་ཆོས་གཞན་དག། དམིགས་བསལ་གྱིས་མྱ་ངམ་ཐང་སྤྱི་བཤད་དང་། མྱ་ངམ་ཐང་གི་སྒྲིག་གཞི་བཅས་ཁག་དུ་མར་ཕྱེ་ནས་ཨེ་ལིའོ་ཐིའི་སྙན་ངག་ལ་གསེད་འགྲོལ་ཅུང་ཟད་བྱས་ཡོད།

ཨེ་ལིའོ་ཐི་ཡི་སྐུ་པར།

རྩོམ་རིག་ལོ་ཙཱ་སྤྱི་ལས་ཀྱང་སྙན་ངག་ལོ་ཙཱ་བྱེད་པ་ནི་རྐང་སྒྲོག་བཅིངས་ནས་ཞབས་བྲོ་རྒྱག་པ་གཉིས་སུ་མེད་པར་ཀུན་གྱིས་ཁས་འཆེས་པ་ཞིག་ཡིན་ལ། སྙན་ངག་གི་བྲོ་བ་ནི་ལོ་ཙཱའི་སྐབས་སུ་བོར་ཟིན་པ་དེ་ཡིན་པ་རེད་སོགས་ཀྱིས་སྙན་ངག་ལོ་ཙཱས་གདོང་གཏད་དགོས་སའི་དཀའ་ཁག་གང་དེ་བཤད་ཡོད། ནང་སྒོས་ཨེ་ལིའོ་ཐི་ཡི་སྙན་ངག་ནི་དབྱིན་ཡིག་གི་སྙན་ངག་ལོ་རྒྱུས་སྟེང་དུའང་གནའ་དེང་བར་མ་དོ་རུ་གནས་པ་ཞིག་དང་། སྤྱི་ཚོགས་རིག་གནས་ལ་བརྡབ་གསིག་ཆེ་བའི་དུས་སྐབས་ཤིག་གི་མཚོན་བྱེད་དང་དེང་རབས་རིང་ལུགས་ཀྱི་རུ་འདྲེན་དུ་གྲགས་ཆེ་བ་ཞིག་ཡིན་སྟབས། སྙན་ངག་ལ་སྒྲ་དོན་གཉིས་ཀའི་ཆ་ནས་དབྱིན་ཡིག་སྲོལ་རྒྱུན་དང་མི་འདྲ་བའི་ཆ་མང་དུ་སླེབས་ཡོད། དེ་དག་གིས་སྙན་ངག་ལོ་ཙཱ་ལ་དཀའ་ལས་སྤྲོད་ཀྱི་ཡོད་པའང་སྨོས་ཅི་འཚལ།

རྒྱུ་མཚན་དེ་ལ་དམིགས་ནས་ལོ་ཙཱ་བས་ཆེད་དུ་འགྱུར་དེབ་འདི་བོད་དབྱིན་ཤན་སྦྱར་གྱི་ཚུལ་དུ་པར་འདེབས་བྱས་ཡོད་པ་རེད། དེའི་ཕྱིར་བོད་ཡིག་ཀློག་པ་པོ་དག་གིས་བོད་འགྱུར་བཀླག་ཆོག་གི་ཡོད་པ་དང་། དབྱིན་ཡིག་མཁྱེན་མཁན་དག་གིས་བོད་དབྱིན་ཤན་སྦྱར་གྱི་ཚུལ་དུ་བཀླག་ཆོག་གི་ཡོད་པས་ན། འགྱུར་དེབ་ལ་གདེང་འཇོག་དང་སྐྱོན་བརྗོད་བྱེད་པ་གང་ལའང་སྟབས་བདེ་པོ་ཡོད་པར་མ་ཟད། དབྱིན་ཡིག་སློབ་སྦྱོང་བྱེད་མཁན་གྱི་སློབ་གྲྭ་ཆེ་འབྲིང་གི་སློབ་ཕྲུག་དག་ལ་མཚོན་ནའང་བོད་དབྱིན་ལོ་ཙཱའི་ཀློག་དེབ་ཅིག་ཏུ་མཐོང་ཆོག་གི་ཡོད།

དཀར་ཆག་ཤོག་ངོས་གཅིག

དེབ་འདི་ནི་ལྡོང་བུའི་འགྱུར་དེབ་སྔོན་མ་དག་དང་འདྲ་བར་རྒྱབ་ཤའི་ཇུས་འགོད་པ་ཀརྨ་རྡོ་རྗེ་ཚེ་རིང་ལགས་ཡིན་ཞིང་ཁོང་གི་ཇུས་འགོད་སྟབས་བདེ་ལ་བབ་ཆགས་པ་ཞིག་ཡིན་པ་དང་། སྙན་དེབ་ཀྱི་ནང་ངོས་ཇུས་འགོད་དང་པར་ངོས་སྒྲིག་བཀོད་ནི་ལོ་ཙཱ་བ་རང་ཉིད་ཀྱིས་བྱས་ཏེ་ངོས་གཙང་ལ་གྲ་དག་པ་ཞིག་ཡོང་ཡོད་པར་མ་ཟད། དེབ་ཆེ་ཆུང་གི་ངོས་ནས་ཀྱང་ལག་པའི་ནང་དུ་ལེན་བདེ་བ་དང་ཁུག་ཆུང་ནང་དུ་འཁྱེར་བདེ་བའི་ཡོན་ཏན་ཡོད་པ་རེད། དེབ་འདིའི་རྩོམ་སྒྲིག་འགན་འཁུར་པ་ནི་ན་གཞོན་སྙན་ངག་པ་དང་སྒྲུང་རྩོམ་པ་པོ་སྙན་བུ་ལགས་ཡིན་པ་རེད།

འགྱུར་དེབ་ཆུང་ཆུང་འདི་ད་ལྟ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཏེ། ས་གནས་སོ་སོའི་ཤིན་ཧྭ་དཔེ་ཁང་དུ་མི་འགྱང་བར་ཉོ་ཐུབ་ཀྱི་ཡོད་ལ། མི་རིགས་དཔེ་སྐྲུན་ཁང་ཚང་གི་དྲ་ལམ་ཚོང་ཁང་བརྒྱུད་ནས་ཀྱང་ཉོ་ཆོག་གི་ཡོད་པས། སྙན་ངག་ལོ་ཙཱ་དང་འཛམ་གླིང་རྩོམ་རིག་ལ་མོས་པ་ཡོད་མཁན་དག་གིས་གཤམ་གསལ་གྱི་བཤེར་རིས་བརྒྱུད་ནས་མངག་ཉོ་གནང་ཆོག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号