«བཤད་མི་ཚར་བའི་གཏམ་རྒྱུད་ཚོན་རིས་མ»(ཁག་དང་པོ)འགྲེམ་སྤེལ་བྱས།

ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཆུང་འབྲིང་སློབ་མའི་སློབ་ཕྱིའི་ཀློག་དེབ«བཤད་མི་ཚར་བའི་གཏམ་རྒྱུད་ཚོན་རིས་མ»(ཁག་དང་པོ)འགྲེམ་སྤེལ་བྱས།

ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་རྒྱུན་རིང་ཞིང་རིག་གནས་ཕུན་སུམ་ཚོགས་ལ། རང་བྱུང་ཁམས་དང་འབྲེལ་འདྲིས་ཀྱི་དུས་ཡུན་རིང་མོའི་ཁྲོད་དམངས་ཁྲོད་རིག་གནས་ཀྱི་མ་ལག་ཀྱང་གྱ་ནོམ་པ་ཞིག་གྲུབ་ནས་ཡོད། ལྷག་པར་དུ་ང་ཚོ་བོད་ལ་མི་རབས་ནས་མི་རབས་སུ་ངག་ཐོག་ཏུ་བརྒྱུད་འོངས་ཤིང་ཡིད་དབང་འགུགས་པའི་དམངས་ཁྲོད་གཏམ་རྒྱུད་ནི་བགྲང་གིས་མི་ལང་ཞིང་བཤད་མི་ཚར་བ་ཞིག་ཡོད་ལ། དེའི་ཁྲོད«མི་རོ་རྩེ་སྒྲུང»ནི་གཟི་འོད་ལམ་ལམ་འཕྲོ་བའི་ནོར་བུ་ཞིག་དང་ཀུན་ནས་མཚུངས་ཤིང་། དེའི་ནང་གི་ངོ་མཚར་ཞིང་སྒྱུ་འཕྲུལ་གྱིས་ཁེངས་པའི་གཏམ་རྒྱུད་དག་གིས་ང་ཚོ་མི་བུ་རེ་རེའི་བྱིས་དུས་ཀྱི་ལོ་ཟླ་ལ་བཀྲག་མདངས་བསྩལ་ཅིང་། འཆར་ཡན་ལ་གཤོག་ཟུང་གནང་ནས་མི་ཚེའི་མཁའ་ལམ་ཤུགས་ཀྱིས་འགྲིམ་པར་རམ་འདེགས་དང་ནུས་པ་ཐོན་ཡོད་པ་ནི་བསྙོན་དུ་མེད་དོ། །

དགེ་མཚན་ཆེན་པོ་དེར་དམིགས་ཏེ་ངེད་རྩོམ་སྒྲིག་ཁང་གིས་བོད་ཀྱི་ན་ཆུང་བྱིས་པ་ཚོའམ་ཡང་ན་སློབ་ཆུང་དམའ་རིམ་འཛིན་གྲྭའི་སློབ་མ་ཚོར་ཐོག་མར«མི་རོ་རྩེ་སྒྲུང»གི་གཏམ་རྒྱུད་ཀྱི་གཞུང་རྐང་གཞིར་བཟུང་ནས་བསྒྲིགས་པའི«བཤད་མི་ཚར་བའི་གཏམ་རྒྱུད་ཚོན་རིས་མ»(ཁག་དང་པོ)ཞེས་པའི་དེབ་བཅུ་གཉིས་ཅན་གྱི་དཔེ་ཚོགས་འདི་པར་དུ་བསྐྲུན་པའི་སྦྱོར་བ་བཤམས་པའོ།། ཐེངས་འདིའི་གཏམ་རྒྱུད་བཅོས་སྒྲིག་དང་རི་མོ་འབྲི་མཁན་ནི་མཚོ་སྔོན་ཞིང་ཆེན་ཀོས་ནན་རྫོང་མི་རིགས་སློབ་འབྲིང་གི་རི་མོ་དགེ་རྒན་ཀླུ་ཚང་བསོད་ནམས་འབུམ་ལགས་ཡིན། འདིའི་ནང་གི་གཏམ་རྒྱུད་སྐོར་ཞིག་སྔོན་ཆད་དབྱར་གནང་དང་དགུན་གནང་སྐབས་ཀྱི«གངས་རྒྱན་ན་ཆུང་ཚགས་པར»གྱི་བསྡུས་དེབ་སྟེང་བཀོད་པ་ན། རྒྱ་ཆེ་བའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོས་དགའ་བསུ་ཆེས་ཆེར་ཐོབ། ཐེངས་འདིར་གཞི་རྒྱ་ཆེ་ཞིང་དཔེ་ཚོགས་ཀྱི་རྣམ་པའི་སྒོ་ནས་རྟེན་འབྲེལ་གྱི་ཐོག་མར«མི་རོ་རྩེ་སྒྲུང»ཆ་ཚང་རིས་དེབ་ཀྱི་ལམ་ནས་པར་སྐྲུན་བྱས་པ་འདི་ནི་བོད་ཀྱི་ན་ཆུང་བྱིས་པ་རྣམས་ལ་ཕུལ་བའི་ལེགས་སྐྱེས་དང་པོ་ཡིན།

སྤྱིར«མི་རོ་རྩེ་སྒྲུང»ལ་ཀློག་པ་པོའི་ཡིད་ཀྱི་དང་བ་དབང་མེད་དུ་འགུགས་བྱེད་ཀྱི་ཆ་ཤིན་ཏུ་མང་ནའང་། རིས་དེབ་ཏུ་བསྒྱུར་པའི«བཤད་མི་ཚར་བའི་གཏམ་རྒྱུད་ཚོན་རིས་མ»(ཁག་དང་པོ)ལ་ལྷག་ཏུ་དགེ་མཚན་འདི་དག་ལྡན་པར་འདོད། གཅིག་ན་རི་མོ་དང་ཡི་གེ་ཟུང་དུ་སྦྲེལ་ཡོད་པས་ན་ཆུང་བྱིས་པ་ཚོའི་ཀློག་འདོད་ཀྱི་སྤྲོ་སེམས་འདྲེན་ནུས་པ། གཉིས་ན་གསོན་ཉམས་ལྡན་པའི་རི་མོ་བརྒྱུད་ནས་ན་ཆུང་བྱིས་པ་ཚོས་ཀྱང་ལེགས་ཉེས་དང་བདེན་རྫུན། དགེ་སྡིག བླང་དོར་སོགས་ཀྱི་དབྱེ་བ་འབྱེད་ཤེས་པ། གསུམ་ན་རིས་དེབ་བརྒྱུད་ནས་ན་ཆུང་བྱིས་པ་ཚོས་བོད་རང་གི་དམངས་ཁྲོད་རྩོམ་རིག་གི་ཉིང་བཅུད་ཉམས་སུ་མྱོང་ཐུབ་པ་བཅས་སོ། །

སླད་ཕྱིན་ང་ཚོས་མུ་མཐུད་དུ་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་དང་བྱིས་སྒྲུང་ལས་ཆེས་དོན་སྙིང་ལྡན་ཞིང་། ཆེས་ཀློག་རིན་ཡོད་པ་སྐོར་ཞིག་བདམས་ནས་རིས་དེབ་ཀྱི་ཚུལ་དུ་རྒྱུན་མཐུད་སྒོས་པར་སྐྲུན་བྱ་འཆར་ཡིན་ལ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སྟེང་གི་བྱ་གཞག་འདིར་མོས་འདུན་ཡོད་མཁན་གྱི་རི་མོ་པ་དང་སྨྱུག་ཐོགས་པ་ཚོའི་བླ་མེད་ཀྱི་རྒྱབ་སྐྱོར་ལའང་སྙིང་ཁོང་རུས་པའི་གཏིང་ནས་འབོད་སྐུལ་ཞུས་པ་ལགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号