«ཧི་མ་ལ་ཡའི་དབྱངས་རོལ་གྱི་བསྟན་བཅོས»ཞེས་པ་པར་སྐྲུན་བྱས་པ།

ཉེ་ཆར། སི་ཁྲོན་ཞིང་ཆེན་རིམ་པའི་བདུད་འཇོམས་གཅོད་ཀྱི་དབྱངས་རྟའི་རྒྱུད་འཛིན་པའམ་མངོན་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་སྐུ་རྒྱབ་ཚུལ་ཁྲིམས་སྙིང་བོས་བརྩམས་པའི«ཧི་མ་ལ་ཡའི་དབྱངས་རོལ་གྱི་བསྟན་བཅོས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

སྤྱིར་མི་ལོ་བརྒྱད་བརྒྱ་ལྷག་གི་ཡར་སྔོན་ནས་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི«རོལ་མོའི་བསྟན་བཅོས»དང་། ཞང་སྟོན་ཆོས་ཀྱི་བླ་མས་མཛད་པའི«དབྱངས་ཀྱི་བསྟན་བཅོས་ཚངས་པའི་མགུལ་རྒྱན་རྩ་འགྲེལསོགས་དབྱངས་རོལ་དང་འབྲེལ་བའི་ཡིག་ཆ་མི་ཉུང་བ་ཞིག་ཡོད་པ་དེ་དག་སྐབས་དེ་དུས་སྤྱོད་སྒོ་ཆེ་ཞིང་། མ་ལག་ཚང་བའི་རིག་པའི་གཞུང་ལུགས་ཚད་ལྡན་རེ་ཡིན་སྲིད། འོན་ཀྱང་། དེང་སང་དེ་དག་ལ་ཁྲིད་རྒྱུན་ཞིབ་ཅིང་ཕྲ་བ་ཞིག་མེད་པའི་ཁར། མི་ལོ་བརྒྱ་ཕྲག་དུ་མའི་ཡར་སྔོན་གྱི་རིག་གཞུང་འདིས་ད་ལྟའི་ཚབ་བྱེད་མི་ཐུབ་པར་གྱུར་ཡོད། དེའི་ཕྱིར། སྟོང་ཆ་འདི་བསྐང་བའི་དགོས་དབང་ལ་དམིགས་ནས་ད་ལན་རྩོམ་པ་པོས་དེབ་འདིའི་ནང་དུ་དེའི་ཕྱོགས་ལ་དགོས་མཁོ་ཅན་སྣང་ཚད་སྣོད་བརྒྱ་ཁུག་གཅིག་གི་དཔེ་ལྟར་དཀྱུས་གཅིག་ཏུ་བསྡུས་ནས་བཀོད་ཡོད།

དེ་ཡང་། དབྱངས་རོལ་གྱི་བྱུང་བ་དང་གོ་དོན། དབྱངས་ཇི་ལྟར་སློབ་ཚུལ་དང་། སྒྲ་དང་དབྱངས་དང་སྙན་དང་འཇེབས་སོགས་ཀྱི་གོ་དོན། དབྱངས་ཡིག་དང་འབྲེལ་ནས་འགྱུར་ཁུགས་འདེགས་འཇོག་སོགས་ཀྱིས་མཚོན་པའི་དབྱངས་ཀྱི་རྩ་བའི་དབྱེ་བ་དགུ་དང་། ཡན་ལག་གི་དབྱེ་བ་ཉི་ཤུ་རྩ་དྲུག་བཅས་ངོས་འཛིན་ཚུལ་དང་། དབྱངས་ཀྱི་མཐོ་དམན་དང་། དལ་མྱུར། ས་མཚམས་སོགས་ཀྱི་ངོ་སྤྲོད་དང་། དབྱངས་ཡིག་གི་སྲོལ་དར་ཚུལ་དང་། དེའི་མཚོན་དོན་ཁྱད་ཆོས་སོགས་ཀྱི་སྐོར་དང་། གཞན་ཡང་། གླུ་དང་དབྱངས་ཀྱི་སྐོར་ལས་འཇིག་རྟེན་མི་ཆོས་ཀྱི་གླུ་དང་། དམ་པའི་ལྷ་ཆོས་ཀྱི་གླུ། ཕོ་བྲང་གི་དབྱངས་རོལ་སོགས་སོ་སོར་བཤད་ཡོད་པར་མ་ཟད། ད་དུང་འབུད་རྡུང་དཀྲོལ་སྦྲེང་གི་རོལ་ཆ་མི་འདྲ་བ་དྲུག་ཅུ་རེ་བཞིའི་པར་དང་ངོ་སྤྲོད་ཆ་ཚང་དང་། དབྱངས་དང་རང་བྱུང་ཁམས་ཀྱི་འབྲེལ་བ་དང་། སྒྲ་དབྱངས་ཉམས་སུ་ལེན་པའི་རིམ་པའམ་དབྱངས་རོལ་སེམས་ཁམས་རིག་པའི་སྐོར་སོགས་དང་། དེ་མིན་མགྲིན་པའི་རྩ་མདུད་གྲོལ་ཚུལ་དང་། དབུགས་སྣ་རིང་དུ་གཏོང་བའི་ཐབས་ལམ་སོགས་འདུས་ཡོད་པ་རེད།

རྩོམ་པ་པོ་ངོ་སྤྲོད།

སྐུ་རྒྱབ་ཚུལ་ཁྲིམས་སྙིང་བོ། 1966ལོར་དབལ་ཤུལ་གསེར་རྟ་རུ་སྐྱེས། རང་ལོ་བཞི་ནས་བཅུ་བདུན་བར་ཁུ་བོ་བཤེས་གཉེན་སྐུ་རྒྱབ་གྲགས་པ་རྒྱ་མཚོ་དང་། ཕ་སྐུ་རྒྱབ་ཐོ་ལོ་གཉིས་གཙོ་བོ་བྱས་པའི་དགེ་རྒན་དག་གི་དྲུང་ནས་བོད་ཀྱི་རོལ་ཆ་འབུད་རྡུང་དཀྲོལ་གསུམ་དང་། མགུར་གླུ། དབྱངས་ཡིག དབྱངས་རྟ་སོགས་དང་འབྲེལ་བའི་རིག་པའི་གཞུང་ལུགས་དུ་མར་སློབ་གཉེར་ཞིབ་ཏུ་བྱས་ཤིང་། 1984ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་ངོ་བརྒྱད་ཀྱི་རིང་དགེ་བའི་བཤེས་གཉེན་དམུ་དགེ་བསམ་གཏན་རྒྱ་མཚོ་དང་། འཇམ་དབྱངས་རྒྱ་མཚོ། བློ་བཟང་རྒྱ་མཚོ་སོགས་སློབ་དཔོན་བཅུ་ལྷག་དང་། ཁྲོ་རུ་མཁན་པོ་ཚེ་རྣམ་སོགས་ཀྱི་དྲུང་ནས་བོད་ཀྱི་ཆོས་དང་རིག་གནས་ལ་སྦྱངས་པ་ལེགས་པར་བགྱིས།

2000ལོ་ནས་ད་ལྟའི་བར་དབུས་གཙང་དང་མདོ་སྨད། ཁམས་ཀྱི་ཡུལ་ལུང་སོ་སོ། བལ་བོ། འབྲུག་ཡུལ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཕྱི་ནང་དུ་སོང་ནས་ཧི་མ་ལའི་གནའ་བོའི་དབྱངས་རོལ་རྒྱུས་ལོན་དང་ཞིབ་འཇུག འཚོལ་བསྡུ་སོགས་བྱས། 2016ལོར་སི་ཁྲོན་ཞིང་ཆེན་རིམ་པའི་བདུད་འཇོམས་གཅོད་ཀྱི་དབྱངས་རྟའི་རྒྱུད་འཛིན་པའམ་མངོན་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་པར་བདམས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号