མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རིག་འཛིན་དང་རུ་མང་ཀླུ་མཁར་རྒྱལ་གཉིས་ཀྱིས་རྩོམ་སྒྱུར་བྱས་པའི《ལོ་ཙཱ་རིག་པའི་གཞུང་ལུགས་རྣམ་བཤད》ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

གླེང་གཞི།

མིའི་རིགས་ཀྱི་ལོ་རྒྱུས་སྟེང་ལོ་ཙཱ་ཞེས་པའི་ལས་ཀྱི་བགྱི་བ་འདི་བྱུང་ནས་མི་ལོ་ཧ་ཅང་མང་པོ་ཞིག་འདས་ཡོད། ལོ་ཙཱ་ཞེས་པར་ཡིག་ཐོག་གི་ལོ་ཙཱ་དང་ངག་ཐོག་གི་ལོ་ཙཱ་གཉིས་ཡོད་པ་དང་། ཡིག་ཐོག་ལོ་ཙཱ་ནི་ཡི་གེ་བྱུང་བ་དང་ཐད་ཀར་འབྲེལ་ཡོད་པས། ལོ་རྒྱུས་ཀྱི་ཡས་ཕུགས་ཕལ་ཆེར་ངེས་གསལ་བྱུང་ཡོད་མོད། འོན་ཀྱང་ངག་ཐོག་ལོ་ཙཱ་ནི་དུས་ནམ་ཞིག་ལ་ཐོག་མར་ཇི་ལྟར་བྱུང་ཚུལ་ངེས་ཏིག་ཅན་ཞིག་ཞུ་དཀའ་བའི་ཚོད་དུ་ཡོད། ལ་ལས་དེ་ནི་གདོད་མའི་རུས་རྒྱུད་ཚོ་ཁག་མི་འདྲ་བའི་བར་གྱི་འབྲེལ་འདྲིས་ལ་བརྟེན་ནས་རིམ་པར་བྱུང་བར་འདོད་ཅིང་། དེ་ལྟར་ན་ངག་ཐོག་ལོ་ཙཱའི་ཐོག་མའི་ཡས་ཕུགས་དེ་ཡང་ཡ་ཐོག་སྤྱི་ཚོགས་སུ་གཏུག་ཆོག་པར་སྙམ། ཡང་ལ་ལས་མིའི་རིགས་ཀྱི་སྐད་ཆ་བྱུང་བ་དང་བསྟུན་ནས་དར་བར་འདོད་དེ། དེ་ལྟར་ན་ངག་ཐོག་ལོ་ཙཱའི་ལོ་རྒྱུས་དང་མིའི་རིགས་ཀྱི་སྐད་ཆའི་ལོ་རྒྱུས་ཀྱི་ཡས་ཕུགས་གཉིས་ཕལ་ཆེར་དུས་གཅིག་ཏུ་ཁེལ་འདུག  འགྲེལ་བརྗོད་རིག་པའི་ལོ་ཙཱའི་གཞུང་ལུགས་ལྟར་ན། ལོ་ཙཱ་ནི་གོ་བ་ལེན་པ་ཡིན་ཞིང་། དེའི་ལུགས་ལ་ཉན་པ་སོགས་ཅི་རིགས་ལོ་ཙཱའི་ཁོངས་སུ་བསྡུས་ཏེ། རྣམ་པ་གང་རུང་གི་འབྲེལ་འདྲིས་ཡོད་ཚད་ལོ་ཙཱར་གཏོགས་ཤིང་། དེ་དག་ཐམས་ཅད་འཕྲེད་ཕྱོགས་དང་གཞུང་ཕྱོགས་གོ་དོན་གྱི་བརྗེ་སྤོར་ཡིན་པ་དང་། ཐ་ན་མི་ཞིག་གིས་གཞན་ལས་བརྡ་འཕྲིན་ཙམ་ལེན་པ་ཡང་དོན་གྱིས་ལོ་ཙཱ་ཡིན་པར་འདོད། དེ་ལྟར་ན་ངག་ཐོག་ལོ་ཙཱ་དང་མིའི་རིགས་ཀྱི་བྱུང་བ་གཉིས་དུས་མཉམ་ཡིན་ཞེས་བརྗོད་ཆོག གང་ལྟར་ལོ་ཙཱ་ནི་མིའི་རིགས་ཀྱི་ཆེས་གནའ་བོའི་སྤྱི་ཚོགས་ཀྱི་ལས་སྒོ་དམིགས་བསལ་བ་ཞིག་ཡིན་ཞིང་། དེས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་སྤྱི་ཚོགས་ཀྱི་ལས་རིགས་ཇི་སྙེད་ལ་བྱེད་ནུས་འགངས་ཆེན་ཐོན་ཡོད་དེ། སྐུ་ཞབས་ལིའོ་ཆི་དབྱི་སོགས་ཀྱིས་གདོད་མའི་ཚོ་བའི་མཛའ་མཐུན་གྱི་འགྲོ་འོང་ནས་གནའ་རབས་བསྟན་བཅོས་གསར་རྙེད་དང་བརྒྱུད་སྤེལ། ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་རྩོམ་རིག་དང་སྒྱུ་རྩལ། མཚན་ཉིད་རིག་པ། ཚན་རིག་ལག་རྩལ། ཆབ་སྲིད། དཔལ་འབྱོར་བརྗེ་རེས་དང་འགྲོ་འོང་སྣ་ཚོགས། དེ་མིན་འཛམ་གླིང་ཞི་བདེ་སོགས་ཀྱི་ཐད་ལོ་ཙཱ་ཡིས་དཔག་པར་དཀའ་བའི་ནུས་པ་བཏོན་ཡོད་ཅེས་གསུངས་ཡོད་ལ། མིའི་རིགས་ཀྱིས་ཀྱང་ལོ་ཙཱའི་རིན་ཐང་དེ་ཉིད་ངོས་ཟིན་ནས་དེ་ལ་གཟིགས་མཐོང་བླ་མེད་བྱས་ཤིང་། ལྷག་པར་སྐད་བར་ལོ་ཙཱ་ནི་སྤྱི་ཚོགས་ཡར་ཐོན་དང་རིག་གནས་འཕེལ་རྒྱས། བསམ་བློ་བཅིངས་འགྲོལ་སོགས་ཀྱི་ཐབས་ལམ་འགངས་ཆེན་ཞིག་ཏུ་བརྩིས་ཏེ། དེར་ཟམ་པ་དང་ཐོ་རེངས་སྐར་ཆེན་སོགས་ཀྱི་མཚན་བཏགས་ཇི་སྙེད་ཅིག་བསྩལ་ཡོད། རང་རེའི་མི་རིགས་ཀྱང་དེ་བཞིན་ལགས་ཏེ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། སྒྲ་སྒྱུར་གྱི་ལོ་ཙཱ་བ་དེ་ལ་གསོལ་ཐང་ནི། བློན་པོ་ཆེན་པོ་ཀུན་དང་མཉམ་མོ། བློན་པོ་ཆེན་པོའི་ཟ་ཐང་ནི། རྒྱལ་པོས་གསོལ་བའི་གསུམ་ཆ་གཅིག་ཡིན་ནོ།། རྒྱལ་པོ་ཆེན་པོའི་གསོལ་ཐང་ནི། སྐུ་སྲུང་བརྒྱ་བརྒྱའི་ཆས་དང་བཅས་པ་ན་མ་རེ་རེ་ལ་ཡོད་དོ་ཞེས་ལོ་ཙཱ་བའི་གོ་ཐང་དེ་བློན་ཆེན་པོ་དང་མཉམ་པར་མཛད་པ་དང་། ལོ་ཙཱ་ལ་འཇིག་རྟེན་མིག་ཅེས་ཆེ་བརྗོད་ཀྱི་བརྡ་སྦྱར་བ་དེས། ཕྱོགས་གཅིག་ནས་ལོ་ཙཱ་ཡིས་ཕྱི་ཡི་རིག་གནས་དང་གཞན་སྐད་ལ་རྨོངས་པའི་སྨག་མུན་མཐའ་དག་འཇོམས་པར་བྱེད་པ་ལ་ཉི་མ་ལྟ་བུའི་ནུས་པ་ཐོན་པར་བསྟན་པ་དང་། ཕྱོགས་གཞན་ཞིག་ནས་འཇིག་རྟེན་གསར་བ་ལ་བལྟ་བའི་མིག་སྦྱིན་པ་ལྟ་བུར་གྱུར་པ་མཚོན་པས། དེ་ནི་རང་རེའི་ལོ་རྒྱུས་སྟེང་ལོ་ཙཱར་མཐོང་བཀུར་ཆེན་པོ་བྱེད་པའི་བརྡ་ཡིན་ནོ།། 

ཡིན་ནའང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་ཡར་སྔོན་གྱི་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད། ཤར་ནུབ་གང་དུའང་ལོ་ཙཱའི་ཞིབ་འཇུག་ནི་རང་ངོས་ཀྱི་ཁྱད་ཆོས་ལྡན་ཞིང་། ཁེར་ཚུགས་སུ་གནས་ཐུབ་པ་ཞིག་ཏུ་མཐོང་ཐུབ་མེད། གནའ་རབས་ནུབ་ཕྱོགས་ཀྱི་ཞི་སའེ་ལུའོ་དང་ཧོ་ལ་སི། ཀྲི་ལུའོ་མུའུ། ཨོ་ཀུའུ་སི་ཏིང་སོགས་དང་རྒྱའི་ཀྲི་ཆན་དང་ཏའོ་ཨན། ཞོན་ཙང་། དེ་བཞིན་དུས་རབས་བར་མ་དང་ཉེ་རབས་ཀྱི་ནུབ་ཕྱོགས་པའི་པོ་དབྱི་ཐི་ཝུའུ། དབྱི་ལ་སི་མོ། ཏེ་ལའེ་ཏུན། ཨ་ནུ་ཏེ། ཀོ་ཏེ། ཕུའུ་ཞི་ཅིན། རྒྱའི་ལིའུ་ཧུའུ་དང་ཡན་ཧྥུ། ལུའུ་ཞུན། གཞན་བོད་ཀྱི་ས་པཎ་ཀུན་དགའ་རྒྱལ་མཚན་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ། མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ལོ་ཆེན་གསེར་རིའི་ཕྲེང་བ་རིམ་པར་བྱོན་པ་དག་གིས། ལོ་ཙཱའི་གཞུང་ལུགས་སྐོར་ལ་གནད་དུ་ཁེལ་བའི་བཞེད་ཚུལ་མང་པོ་བཏོན་མྱོང་ཡོད་ནའང་། ཁོང་ཚོ་སུ་ཡིན་རུང་ལོ་ཙཱ་ནི་ཁེར་ཚུགས་ཀྱི་རིག་ཚན་ཞིག་ཡིན་པར་ངོས་བཟུང་ནས་ཞིབ་འཇུག་གནང་མེད་ཅིང་། བཞེད་དགོངས་མང་ཆེ་བ་ནི་དྲན་འཆར་ཙམ་དང་ཉམས་མྱོང་ཙམ། དཔྱད་སྟོན་ཙམ་ཡིན་ཞིང་། དེ་དག་ཀྱང་བརྩམས་ཆོས་གཞན་དང་འགྱུར་བྱང་། དེ་མིན་འགྱུར་དཔྱད་སྣ་ཚོགས་སུ་ཐར་ཐོར་དུ་གནས་པ་ཙམ་ཡིན།


དུས་རབས20པའི་ལོ་རབས40པའི་མཇུག་དང་ལོ་རབས50པའི་དུས་མགོར། ད་གཟོད་དེང་རབས་སྐད་བརྡ་རིག་པའི་འཕེལ་རྒྱས་དང་བསྟུན་ནས་ལོ་ཆེན་མི་ཉུང་བ་ཞིག་གིས་ཚན་རིག་དང་མཐུན་ཞིང་། དེང་རབས་སྐད་བརྡ་རིག་པའི་མཐོང་སྣེ་དང་སྦྱར་ནས་ལོ་ཙཱའི་གནད་དོན་ལ་དཔྱད་སྡུར་བྱ་མགོ་བརྩམས་ཤིང་། དེ་ནི་ལོ་ཙཱའི་གཞུང་ལུགས་བྱུང་འཕེལ་ལོ་རྒྱུས་སུ་བྱུང་བའི་ངོ་བོ་རང་བཞིན་གྱི་འཕུར་སྐྱོད་དང་པོ་ཡིན་ལ། དེ་ནས་བཟུང་ལོ་ཙཱའི་ཞིབ་འཇུག་དེ་སྐད་བརྡའི་ཚན་རིག་གི་ཁོངས་སུ་འདུ་བར་བྱས། ཡིན་ནའང་། ལོ་ཙཱའི་ཞིབ་འཇུག་དེ་སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པའི་ཁྱབ་ཁོངས་སུ་བཞག་པ་དེས། ལོ་ཙཱའི་ཞིབ་འཇུག་གི་ངོ་བོ་དངོས་དེ་ད་དུང་མཚོན་ཐུབ་མེད་པས། དུས་རབས20པའི་ལོ་རབས60ནས70པའི་ནང་ཞིབ་འཇུག་དང་འཚོལ་ཞིབ་རྒྱུན་མ་ཆད་པར་བྱས་ཤིང་། ལྷག་པར་དུ་ཨ་རིའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ཧུ་མུའུ་སོ་སོགས་ཀྱི་བསམ་བཀོད་དང་སྐུལ་སྤེལ། འབད་རྩོལ་བཅས་ལ་བརྟེན་ནས། དུས་རབས20པའི་ལོ་རབས80པར་ལོ་ཙཱའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ངོ་བོ་རང་བཞིན་གྱི་འཕུར་སྐྱོད་གཉིས་པ་བྱུང་སྟེ། ལོ་ཙཱའི་ཞིབ་འཇུག་ནི་ཁེར་ཚུགས་ཀྱི་རིག་ཚན་ཞིག་ཏུ་ངོས་ལེན་ཐོབ་པར་མ་ཟད། ལྟ་ཚུལ་དེ་ནུབ་ཕྱོགས་ཀྱི་སློབ་ཆེན་དང་རིག་གཞུང་ཁྱབ་ཁོངས་སུ་རིམ་གྱིས་གཞི་ཚུགས་ཤིང་གཏན་ཆགས་སུ་གྱུར་ཏེ། དེ་མཚུངས་ཀྱི་འཕེལ་རྒྱས་ཀྱང་བྱུང་། 


དེ་ནས་ད་ལྟའི་བར་དུ་ལོ་ངོ་བཞི་བཅུ་ཙམ་ལས་འདས་མེད་མོད། དེའི་རིང་སྟོབས་ལྡན་མི་རིགས་མང་པོ་ཞིག་ལ་ཆ་ཚང་ཞིང་མ་ལག་ལྡན་པའི་ལོ་ཙཱའི་གཞུང་ལུགས་ཏེ། སྤྱིར་བཏང་ལོ་ཙཱ་རིག་པ་དང་དམིགས་བསལ་ལོ་ཙཱ་རིག་པ། ཉེར་སྤྱོད་ལོ་ཙཱ་རིག་པ་སོགས་མཛུབ་སྟོན་གྱི་རིན་ཐང་ཆེ་ཞིང་དངོས་སྤྱོད་ཀྱི་དོན་སྙིང་ལྡན་པའི་གཞུང་ལུགས་སྣ་ཚོགས་བྱུང་བར་མ་ཟད། ལོ་ཙཱའི་ཞིབ་འཇུག་དེ་ཚད་ལྡན་ཅན་དང་གཏིང་ཟབ་ཅན། སྣ་མང་ཅན་དུ་ཕྱོགས་པ་དང་། ལོ་ཙཱའི་སྡེར་གྲུབ་མཐའ་ཡང་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཏེ། རྒྱུ་མང་མ་ལག་རིང་ལུགས་དང་ཚོད་འཛིན་བསྐྱར་འབྲི་རིང་ལུགས། གཞི་ཕྲལ་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་ཕྱི་མ། སྐྱེས་མ་རིང་ལུགས། མི་ཟན་རིང་ལུགས། འགྲེལ་བརྗོད་རིང་ལུགས། བརྡ་རྟགས་རིག་པའི་རིང་ལུགས། ཞིབ་འབྲི་རིང་ལུགས། ཕྱོགས་བསྡུས་རིང་ལུགས། འབྲེལ་འདྲེས་རིང་ལུགས་དང་བྱེད་ནུས་རིང་ལུགས་སོགས་གང་མང་ཞིག་བྱུང་ཡོད། 


ལྷག་པར་དུ་རིག་ཚན་གཞན་དང་སྣོལ་སྡེབ་ཀྱི་རྦ་རླབས་དགུང་དུ་ལུད་དེ་ལོ་ཙཱའི་ཞིབ་འཇུག་གི་ལམ་ཁ་ཇེ་ཡངས་དང་རྒྱ་ཇེ་ཆེ་རུ་བཏང་ཡོད། སྐད་བརྡ་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་སྐད་བརྡ་ལོ་ཙཱ་རིག་པ་དང་། སྤྱི་ཚོགས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ལོ་ཙཱ་སྤྱི་ཚོགས་རིག་པ། སེམས་ཁམས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ལོ་ཙཱ་སེམས་ཁམས་རིག་པ། སྐྱེ་ཁམས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ལོ་ཙཱ་སྐྱེ་ཁམས་རིག་པ། ས་ཁམས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ལོ་ཙཱ་ས་ཁམས་རིག་པ། དཔལ་འབྱོར་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ལོ་ཙཱ་དཔལ་འབྱོར་རིག་པ། གྲངས་རིག་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ཐུའོ་ཕུའུ་ལོ་ཙཱ་རིག་པ། རྩོམ་ཉམས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ཉམས་མཚུངས་ལོ་ཙཱ་རིག་པ། སྤོར་ཐང་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་སྤོར་ཐང་ལོ་ཙཱ་རིག་པ། ཀླད་པའི་དབང་རྩ་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ཤེས་རྟོགས་ལོ་ཙཱ་རིག་པ། རིག་གནས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་རིག་གནས་ལོ་ཙཱ་རིག་པ། བདེ་འཇགས་དང་ལོ་ཙཱའི་འབྲེལ་བར་གཞིགས་ཏེ་ལོ་ཙཱ་བདེ་འཇགས་རིག་པ་སོགས་མང་པོ་བྱུང་ཡོད། 


རང་རེའི་བོད་ལ་མཚོན་ནའང་བཅིངས་འགྲོལ་བྱས་རྗེས། ལོ་ཙཱའི་ཁ་ཕྱོགས་དེ་གཙོ་བོ་རྒྱ་བོད་ལོ་ཙཱར་ཕྱོགས་པ་དང་། ལོ་ཙཱའི་གཞུང་ལུགས་ལ་ཡང་དེ་མཐུན་གྱི་འཕེལ་རྒྱས་བྱུང་མོད། སྤྱིའི་ཆ་ནས་ད་དུང་བྱིས་པའི་གོམ་ཁ་སྒྱུར་བའི་ཚུལ་དུ་གནས་ཤིང་། རྒྱལ་ནང་དང་ལྷག་པར་དུ་ནུབ་ཕྱོགས་དང་བསྡུར་ཚེ་གནམ་སའི་བར་ཁྱད་ལྟ་བུར་མཆིས། དེ་བས། ལོ་ཙཱའི་གནད་དོན་དང་སྣང་ཚུལ་མང་པོ་ཞིག་ལ་ཞིབ་འབྲི་དང་དཔྱད་བརྗོད་གནང་དུས། རང་རེའི་ད་ཡོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱིས་སྐབས་འགར་ལུང་བུ་ལ་འཇུས་ན་ཁ་ཆོད་ཡར་བ་དང་། ཁ་ཆོད་བསྐྱོར་ན་ལུང་བུ་ལྷུང་བ། སྐབས་འགར་ཕུར་ཁུང་རྡོ་ལ་ཐུག་པ་ལྟ་བུའི་སྣང་ཚུལ་འབྱུང་ལ། མཚམས་རེར་གླུ་བརྒྱ་ངག་གཅིག་དང་རྩོམ་བརྒྱ་ལུགས་གཅིག རེ་འགར་འུ་ཐུག་ཐབས་ཟད་དང་ཅི་བྱ་གཏོལ་བྲལ་གྱི་སྐབས་ཀྱང་འབྱུང་།


དེ་བས། རང་རེའི་བོད་ཀྱི་ལོ་ཙཱའི་རིག་ཚན་འདི་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ཁྱད་པར་དུ་ལོ་ཙཱའི་གཞུང་ལུགས་ལ་འཕེལ་རྒྱས་དང་དངོས་ཡོད་ལག་ལེན་ལ་མཛུབ་སྟོན་བྱེད་པར་དམིགས་ཏེ། ད་རེས་ཆེད་དུ་རྒྱལ་ནང་གི་ལོ་ཙཱའི་གཞུང་ལུགས་ཀྱི་དཔེ་ཆ་སྣ་ཚོགས་ལས་གྲགས་ཆེ་ཞིང་ཚད་ལྡན་དུ་འཛིན་པ། གཞུང་ལུགས་མང་པོའི་བཅུད་འདུས་པའི་བསྟན་བཅོས་ཚད་ཐུབ་སྟེ། ཞུས་ཅན་དང་མུའུ་ལེ་གཉིས་ཀྱིས་གཙོ་སྒྲིག་མཛད་པའི《ལོ་ཙཱ་རིག་པའི་སྤྱི་དོན》ཞེས་པ་གཞིར་བྱས་ཤིང་། 《ལོ་ཙཱ་གླེང་བ》དང《ལོ་ཙཱའི་སྤྱི་དོན》སོགས་གཞུང་མང་པོས་ཟུར་གསོས་ཏེ། ཞལ་མི་གསལ་བ་དག་ཇེ་གསལ་དང་། འཐུས་མི་ཚང་བ་དག་ཇེ་ཚང་། ལྷག་པར་དུ་རང་རེའི་བོད་ལ་གང་འོས་གང་འགབ་མང་པོས་སྣོན་མ་བཏབ་ནས་དེབ་འདི་ཉིད་སྒྲིག་སྒྱུར་རྩོམ་གསུམ་བྱས་པ་ཡིན།


《ལོ་ཙཱ་རིག་པའི་གཞུང་ལུགས་རྣམ་བཤད》ཅེས་པའི་དེབ་འདིར། གནའ་དེང་དཔེ་གསུམ་གྱི་ལོ་ཙཱའི་མཚན་ཉིད་དང་། ལོ་ཙཱའི་ངོ་བོའི་ཆ་ཉིས་ལྡན། ལོ་ཙཱའི་ཐབས་ཇུས་དང་ཐབས་ལམ། སྡེ་ཚན། རིན་ཐང་། ལོ་ཙཱ་རིག་པའི་འབྱུང་ཁུངས་དང་མ་ལག ལོ་ཙཱ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས། ལོ་ཙཱ་དང་ལོ་ཙཱ་རིག་པའི་ཁྱད་པར། ལོ་ཙཱ་དང་རིག་ཚན་གཞན་དག་གི་འབྲེལ་བ། དེང་རབས་ཀྲུང་གོའི་ལོ་ཙཱའི་གཞུང་ལུགས་བྱུང་འཕེལ་དང་རིག་ཚན་འཛུགས་སྐྱོང་། གསར་བྱུང་ལོ་ཙཱ་རིག་པའི་རིག་སྡེའམ་གྲུབ་མཐའ་དག་གི་རྩ་བའི་གཞུང་ལུགས་ཀྱི་བྱུང་འཕེལ་དང་འགྱུར་ལྡོག དེ་དག་གི་འབྲེལ་བ་སོགས་རྒྱས་བསྡུས་འོས་འཚམ་གྱིས་བྲིས་པར་མ་ཟད། ཀྲུང་ནུབ་ལོ་ཙཱའི་གཞུང་ལུགས་ཀྱི་མཐུན་ཁྱད་སོགས་ཀྱང་ཞིབ་རྒྱས་སུ་བརྗོད་ཡོད།


ཟུར་བཀོད་དུ་ལོ་ཙཱའི་རིག་ཚན་དང་འབྲེལ་བའི་བསྟན་བཅོས་ཀྱི་མཚན་བྱང་དང་བརྡ་ཆད་གཙོ་བོ་དག་གི་སྒྱུར་སྟངས་ཤན་སྦྱར་དུ་བཀོད་ཡོད། མདོར་ན། དེབ་འདི་ཉིད་རང་རེའི་དེང་རབས་ལོ་ཙཱའི་གཞུང་ལུགས་དང་རིག་ཚན་འཛུགས་སྐྱོང་སྐོར་གྱི་འགྲམ་རྡོ་རུ་འགྱུར་བའི་ལྷག་བསམ་དང་བཅས་རེ་ཞིག་མཇུག་གྲུབ་པར་བྱས་པ་ཡིན་མོད། འོན་ཀྱང་རང་གི་བློ་གྲོས་ཀྱི་སྟོབས་ཁས་མ་ལོངས་པའི་རྐྱེན་བྱས་ཏེ་གནད་བོར་བ་དང་ལོག་པར་བཀྲལ་བ་སོགས་ཀྱི་སྐྱོན་ལྷགས་སྲིད་པས། མཁྱེན་སྤྱན་ཡངས་པའི་ཀློག་པ་པོ་དག་གིས་འཁྲུལ་སེལ་དང་ཡོ་བསྲང་བྱེད་པའི་རེ་བ་སྙིང་ནས་ཞུའོ།།


དཀར་ཆག
ལེའུ་དང་པོ། སྤྱིར་བསྟན་པ།

ས་བཅད་དང་པོ། ལོ་ཙཱའི་མཚན་ཉིད།

ས་བཅད་གཉིས་པ། ལོ་ཙཱའི་ངོ་བོའི་ཆ་ཉིས་ལྡན།

ས་བཅད་གསུམ་པ། ལོ་ཙཱའི་ཐབས་ཇུས་དང་བྱེད་ཐབས། སྡེ་ཚན།

ས་བཅད་བཞི་པ། ལོ་ཙཱའི་རིན་ཐང་།

  གཅིག རིག་གནས་ཀྱི་རིན་ཐང་།

  གཉིས། སྤྱི་ཚོགས་ཀྱི་རིན་ཐང་།

  གསུམ། སྐད་བརྡའི་རིན་ཐང་།

ས་བཅད་ལྔ་པ། ལོ་ཙཱ་རིག་པའི་འབྱུང་ཁུངས་དང་མ་ལག

ས་བཅད་དྲུག་པ། ལོ་ཙཱ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས།

ས་བཅད་བདུན་པ། ལོ་ཙཱ་དང་ལོ་ཙཱ་རིག་པའི་ཁྱད་པར།

ས་བཅད་བརྒྱད་པ། ལོ་ཙཱ་རིག་པ་དང་རིག་ཚན་གཞན་དག་གི་འབྲེལ་བ།

ལེའུ་གཉིས་པ། དེང་རབས་ཀྲུང་གོའི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག

ས་བཅད་དང་པོ། ཀྲུང་གོའི་ལོ་ཙཱའི་གཞུང་ལུགས་བྱུང་འཕེལ།

ས་བཅད་གཉིས་པ། ལོ་ཙཱ་རིག་པར་འབྲེལ་བའི་བགྲོ་གླེང་།

ས་བཅད་གསུམ་པ། མིག་སྔའི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་གི་ཁྱབ་ཁོངས།

  གཅིག གཞུང་ལུགས་ལོ་ཙཱ་རིག་པའི་ཞིབ་འཇུག

  གཉིས། ཞིབ་འབྲི་ལོ་ཙཱ་རིག་པའི་ཞིབ་འཇུག

  གསུམ། ཉེར་སྤྱོད་ལོ་ཙཱ་རིག་པའི་ཞིབ་འཇུག

  བཞི། གཞུང་ལུགས་གྲུབ་མཐའ་སྣ་མང་།

ས་བཅད་བཞི་པ། ལོ་ཙཱ་རིག་པའི་རིག་ཚན་འཛུགས་སྐྱོང་།

ལེའུ་གསུམ་པ། དེང་རབས་ནུབ་ཕྱོགས་ཀྱི་ལོ་ཙཱའི་གཞུང་ལུགས།

ས་བཅད་དང་པོ། ལོ་ཙཱ་རིག་པའི་སྲོལ་རྒྱུན་དང་སྐད་ཡིག་རིག་པའི་ལོ་ཙཱའི་ཞིབ་འཇུག

  གཅིག གནའ་རབས་ཀྱི་ལོ་ཙཱའི་གཞུང་ལུགས།

  གཉིས། ཉེ་དེང་རབས་ཀྱི་ལོ་ཙཱའི་གཞུང་ལུགས།

ས་བཅད་གཉིས་པ། སྐད་བརྡ་རིག་པའི་ལོ་ཙཱ་ཞིབ་འཇུག

  གཅིག ནའེ་ཏ་ཡི་ལོ་ཙཱའི་ལྟ་བ།

  གཉིས། ཁ་ཐེ་ཧྥུ་ཏེ་ཡི་ལོ་ཙཱའི་ལྟ་བ།

  གསུམ། ཧ་ཐེ་མུའུ་དང་མེ་སེན་གྱི་ལོ་ཙཱའི་ལྟ་བ།

  བཞི། ཝེ་ཨེར་སི་དང་འཇར་མན་གྱི་བྱེད་ནུས་རིང་ལུགས་ཀྱི་ལོ་ཙཱའི་གཞུང་ལུགས།

ས་བཅད་གསུམ་པ། རྒྱུ་མང་མ་ལག

  གཅིག ཙུའོ་ཧ་ཨེར་གྱི་རྒྱུ་མང་མ་ལག

  གཉིས། ཐུའུ་ལི་དང་ལོ་ཙཱའི་ཚད་ལྡན།

  གསུམ། ཚོད་འཛིན་དང་བསྐྱར་འབྲི།

ས་བཅད་བཞི་པ། ལོ་ཙཱ་ཞིབ་འཇུག་གི་མཚན་ཉིད་རིག་པའི་ཐབས་ལམ།

  གཅིག འགྲེལ་བརྗོད་རིག་པའི་ལོ་ཙཱའི་ལྟ་བ།

  གཉིས། བརྡ་རྟགས་རིག་པའི་ལོ་ཙཱའི་ལྟ་བ།

  གསུམ། གཞི་ཕྲལ་རིང་ལུགས་ཀྱི་ལོ་ཙཱའི་ལྟ་བ།

ས་བཅད་ལྔ་པ། རིག་གནས་རིག་པའི་ལོ་ཙཱ་ཞིབ་འཇུག

  གཅིག སྐྱེས་མ་རིང་ལུགས་ཀྱི་ལོ་ཙཱའི་ལྟ་བ།

  གཉིས། མི་སེར་སྤེལ་ཡུལ་རིང་ལུགས་ཕྱི་མའི་ལོ་ཙཱའི་ལྟ་བ།

  གསུམ། མི་ཟན་རིང་ལུགས་ཀྱི་ལོ་ཙཱའི་ལྟ་བ།

ལེའུ་བཞི་པ། ཀྲུང་ནུབ་ལོ་ཙཱའི་གཞུང་ལུགས་ཀྱི་གཤིབ་སྡུར།

ས་བཅད་དང་པོ། ཀྲུང་ནུབ་ལོ་ཙཱའི་གཞུང་ལུགས་ཀྱི་སྤྱིའི་གཤིབ་སྡུར།

ས་བཅད་གཉིས་པ། ཀྲུང་ནུབ་ལོ་ཙཱའི་གཞུང་ལུགས་ཀྱི་མཚུངས་པའི་ཆ།

ས་བཅད་གསུམ་པ། ཀྲུང་ནུབ་ལོ་ཙཱའི་གཞུང་ལུགས་ཀྱི་མི་མཚུངས་པའི་ཆ། 

ས་བཅད་བཞི་པ། ཀྲུང་ནུབ་ལོ་ཙཱའི་གཞུང་ལུགས་གཤིབ་སྡུར་གྱི་སྡོམ་འགའ།

ཟུར་ལྟའི་ཡིག་ཚང་།

དེབ་འདིའི་ཐ་སྙད་ཤན་སྦྱར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号